ཁོང་ཡུང་གིས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།
2020.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིམ། གཙོ་གནད་ལྷུ་ཚིགས་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཅིག་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱབ་ལྗོངས་འོག་འཚོགས་པའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམ་ཚོགས་ཆེ་གྲས་ཐོག་མ་དེ་ཡིན་པས། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་དེར་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས། སྟབས་བདེ་སྤྱོད་བདེ་དང་སྤྱོད་གོ་ཆོད་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་དགོས། ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས། ནུས་ཆེའི་སྤུས་ཚད་མཐོ་བའི་ཞབས་ཞུ་ཧུར་ཐག་སྒོས་སྒྲུབ་དགོས་པ་དང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས་ཀྱི་ལས་ཀའི་ཆེད་དོན་སྟོབས་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་གྱི་འགག་སྒོ་ཨང་དང་པོ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། མི་ཚོགས་གཙོ་བོ་དང་ས་ཆ་གཙོ་བོ། འདུ་གནས་གཙོ་བོ་བཅས་ལ་དམ་པོར་དམིགས་ནས། དུག་སེལ་བྱེད་པའི་ལན་གྲངས་མང་དུ་བཏང་ནས་རིམ་དབྱེ་རིགས་དབྱེ་དང་གནད་འཁེལ་ངང་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལག་བསྟར་བྱེད་པ། ཁ་གཏད་སྣེ་ལེན་ལས་ཁུངས་ཀྱི་འགན་འཁྲི་ཇེ་དམ་དུ་བཏང་ནས་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་བདེ་འཇགས་དང་བདེ་བླག་ངང་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།