འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ཡིས་ཚེས་གསུམ་ཉིན་བསྟན་དོན། རིམས་ནད་གསར་པ་ནི“ལོ་བརྒྱའི་ནང་ཐེངས་གཅིག་འཕྲད་པའི”བདེ་ཐང་ཉམས་ཉེན་ཞིག་ཡིན་མོད། འོན་ཀྱང་སྔར་བཞིན་ཚོད་འཛིན་བྱེད་ཐུབ། གོ་ལ་ཧྲིལ་པོའི་ངོས་དང་རྒྱལ་ཁབ་ཀྱི་ངོས་ནས་མཐུན་སྒྲིལ་བྱས་ཚེ“འབྱུང་འགྱུར་སྔར་བཞིན་ང་ཚོའི་ལག་ཏུ་བཟུང་ཡོད”ཅེས་བཤད།
ཐན་ཏི་སའེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། རིམས་ནད་གསར་པ་ནི“ལོ་བརྒྱའི་ནང་ཐེངས་གཅིག་འཕྲད་པའི”བདེ་ཐང་ཉམས་ཉེན་ཞིག་ཡིན་པས་དེའི་ཤུགས་རྐྱེན་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་གནས་ཐུབ་རྒྱུ་རེད་ཟེར། ཐན་ཏེ་སའེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་དྲི་བར་ལན་འདེབས་སྐབས། འདས་ཟིན་པའི་ལོ་ཉིས་བརྒྱ་དང་ལྔ་བཅུའི་ནང་བསྡོམས་པས་ཐེངས་བཅུ་ལ་ནད་ཡམས་ཁྱབ་ཅིང་། རིམས་ནད་གསར་བ་ནི་ལོ་རྒྱུས་སྟེང་ཐེངས་དང་པོར་པྲོག་དབྱིབས་ནད་དུག་གིས་བསླངས་པའི་རིམས་ནད་ཚབས་ཆེན་ཞིག་ཡིན་ལ། དེ་འཛམ་གླིང་ཡོངས་སུ་ཁྱབ་ཅིང་། དེའི་མཆེད་པའི་རང་བཞིན་ཆེ་བ་དང་ཤི་རྨས་ཀྱི་ནུས་པ་ཆེ་བས། རྒྱལ་ཁབ་ཚང་མར་ཚད་གཞི་མི་འདྲ་བའི་ངོས་ནས་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བཤད།
ཐན་ཏི་སའེ་བསྟན་དོན། ནད་དུག་གསར་པ་དེ་ཚེ་སྲོག་དང་འབྲེལ་བ་ཡོད་པ་མ་ཟད་འཚོ་ཐབས་དང་དེ་བས་འབྲེལ་བ་ཡོད། འདས་ཟིན་པའི་ཟླ་བ་དྲུག་བདུན་གྱི་རིང་། རིམས་ནད་ཀྱི་གནས་ཚུལ་དེ་བདེ་ཐང་ཁྱབ་ཁོངས་ཕུད་པའི་སྤྱི་ཚོགས་དང་དཔལ་འབྱོར། ཆབ་སྲིད་སོགས་ཕྱོགས་གང་ཅིའི་ཐད་ལ་བྱུང་ པས། རྒྱལ་ཁབ་མང་པོའི་དཔལ་འབྱོར་ཉམས་རྒུད་དུ་སོང་ཡོད། དཔལ་འབྱོར་མར་ཆག་པས་ཕན་འབྲས་གཞན་དག་ཀྱང་འབྱུང་སྲིད་པས། མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་ལ་ཤུགས་རྐྱེན་ཐེབས་སྲིད་ཟེར།
ཐན་ཏི་སའེ་ཡིས་རིམས་ནད་གློ་བུར་དུ་བྱུང་བ་ནས་བཟུང་། རྒྱལ་ཁབ་མང་པོ་ཞིག་གི་ཉམས་མྱོང་ལས“རིམས་ནད་ནི་ཚོད་འཛིན་བྱེད་ཐུབ་པའམ་ཡང་ན་ཁྱབ་སྤེལ་ཚབས་ཆེན་བྱས་ན་ཚོད་འཛིན་བྱེད་ཐུབ”ཅེས་གསལ་པོར་བསྟན་ཡོད། གལ་ཏེ་སྲིད་གཞུང་གིས་ཞིབ་དཔྱད་ཚད་ལེན་དང་འབྲེལ་གཏུག་བྱེད་མཁན་གྱི་རྗེས་སྙེག་སོགས་ཀྱི་ལྷུ་ཚིགས་ལེགས་པར་བསྒྲུབ་པའམ་ཡང་ན། གཞིས་ཁུལ་གྱིས་འཕྲོད་བསྟེན་དང་ཁ་ཐུམ་སོགས་ཐད་ཀྱི་བླང་བྱ་ནན་བརྩི་བྱས་པ་ཡིན་ན། གཞི་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཆེས་དམའ་རུ་གཏོང་ཐུབ་ཟེར།
ཐན་ཏི་སའེ་ཡིས་བསྟན་དོན། ལག་རྩལ་གྱི་ངོས་ནས་བརྗོད་ན་ཕན་ནུས་ཆེ་བའི་སྨན་དང་རིམས་འགོག་སྨན་ཁབ་ཐོན་རྒྱུར་རེ་བ་བཅོལ་ཡོད། མིག་སྔར་རིམས་འགོག་སྨན་ཁབ་ཁག་ཅིག་ནད་ཐོག་ཚོད་ལྟའི་མཐའ་མཇུག་གི་དུས་རིམ་དུ་གནས་ཡོད། མཐའ་མཇུག་གི་ཕན་འབྲས་གཏན་འཁེལ་བྱས་མེད་མོད། འོན་ཀྱང་གོ་ལ་ཧྲིལ་པོ་དང་རྒྱལ་ཁབ་ཀྱི་ངོས་ནས་མཐུན་སྒྲིལ་བྱས་ཚེ། “མ་འོངས་པ་སྔར་བཞིན་ང་ཚོའི་ལག་ཏུ་བཟུང་ཡོད། ”ཟེར།
ལོ་ཙཱ་བ། བན་དེ་སྐྱབས།