མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཆེན་མོ་སུང་ཀོས་ཀྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བསྟུད་མར་རྒྱ་ཡན་དུ་སོང་ནས། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ཐད་གནོད་པ་ཚབས་ཆེན་བཟོས་ཡོད་ཟེར།
སུང་ཀོས་ཉིན་དེར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་ཆེད་མངག་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྤེལ་བའི་མཉམ་དུ་རིམས་ནད་འགོག་རྒོལ་བྱེད་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཚོད་དཔག་བྱས་པ་ལྟར་ན། ཨ་ཧྥེ་རི་ཁ་གླིང་གི་ད་ལོའི་དཔལ་འབྱོར་འཕར་སྣོན་མྱུར་ཚད་དེ་སྔོན་དཔག་གི་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་ནས་ཕལ་ཆེར་ཐིག་ཏུ་ཇེ་དམའ་རུ་སོང་ཡོད་ཟེར།
ཁོ་མོས་བཤད་རྒྱུར། རིམས་ནད་འགོག་སྲུང་བྱེད་ཐབས་ཀྱིས་ཟླ་རེར་ཨ་ཧྥེ་རི་ཁ་གླིང་ལ་མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་དགུའི་དཔལ་འབྱོར་གྱོང་གུད་བཟོ་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སྐོར་ཞིག་གི་དཔལ་འབྱོར་འཕེལ་རྒྱས་དེ་གནས་སྐོར་ལས་རིགས་དང་ཆང་ཁང་ལས་རིགས་ལ་བརྟེན་ཡོད་པས། རིམས་ནད་ཀྱིས་ལས་རིགས་དེ་དག་ལ་གནོད་པ་ཆེན་པོ་ཐེབས་ཡོད། ཨ་ཧྥེ་རི་ཁ་གླིང་གིས་རིམས་ནད་ཚོད་འཛིན་བྱེད་པའི་ཞོར་དུ། ཧུར་ཐག་སྒོས་དཔལ་འབྱོར་སྡེ་ཁག་རེ་འགའི་སྒོ་འབྱེད་སྲུང་འཛིན་བྱས་ནས་དཔལ་འབྱོར་གྱི་ཤུགས་རྐྱེན་མི་ལེགས་པ་ཁྱད་བསལ་བྱེད་དགོས་ཟེར།
སུང་ཀོས་ཀྱིས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་རིམས་འགོག་ཐད་རྒྱབ་སྐྱོར་བྱས་པར་གདེང་འཇོག་ཆེན་པོ་བྱས། ཁོ་མོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་གྲོག་མོའི་གསེར་ལྭའི་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ཁེ་ལས་ཆུང་འབྲིང་རེ་འགར་ཐོན་ཁུངས་དང་རྒྱབ་སྐྱོར་ཐོབ་སྲིད་ཟེར།
ཁོ་མོས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་རིམས་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཨ་ཧྥེ་རི་ཁ་གླིང་གིས་ཞིབ་བཤེར་ཚད་འཇལ་དཔྱད་ཆོས་དང་མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་ཉོ་སྡུད་བྱེད་དགོས་པ་དང་། ཨ་ཧྥེ་རི་ཁ་གླིང་ལ་མྱུར་དུ་མཁོ་བའི་ཐོན་ཁུངས་ཀྱི་རེ་བ་བསྐང་དགོས་པས། ང་ཚོས་རྒྱལ་ཁབ་ཚང་མ་དེའི་ནང་ཞུགས་པར་རེ་བས་ཁེངས་ཡོད་ཟེར།
ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཨ་ཧྥེ་རི་ཁ་གླིང་དུ་རིམ་རྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད་པ་དང་། རིམ་རྩིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་སྟོང་གསུམ་ལས་བརྒལ་ཡོད་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།