འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ན་གཞོན་མང་ཆེ་བ་ཞིག་ནི་པྲོག་གསར་གློ་ཚད་རིམས་ནད་འགོ་བའི་ཉེན་ཁ་ཆེ་བའི་མི་ཚོགས་མིན་པ་དང་། ཁོ་ཚོས་རིམས་ནད་འགོ་བར་བཀག་འགོག་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ནས་ཐུན་མོང་གི་འགན་འཁྲི་ཁུར་དུ་བླངས་ཡོད་ཟེར།
ཐན་ཏི་སེ་ཡིས་ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱལ་སྤྱིའི་ན་གཞོན་ཉིན་མོའི་དྲ་ཐོག་གི་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། ན་གཞོན་དང་ན་གཞོན་རྩ་འཛུགས། དེ་མིན་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ན་གཞོན་དག་གི་པྲོག་གསར་གློ་ཚད་རིམས་ནད་སྐབས་ཀྱི་ཐུན་མོང་འགུལ་སྐྱོད་ལ་ཁས་ལེན་གང་ལེགས་བྱས།
ཐན་ཏི་སེ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ན་གཞོན་གྱི་མ་འོངས་པར་ཐེབས་པའི་ཤུགས་རྐྱེན་ཆེན་པོ་ནི་ནད་དུག་ཁོ་ན་མ་ཡིན་པར། ད་རུང་དཔལ་འབྱོར་དང་ལས་ཞུགས། སློབ་གསོ། སྤྱིའི་བདེ་ཐང་མ་ལག་བཅས་ཀྱི་ཤུགས་རྐྱེན་ཡིན། ཁོས་ན་གཞོན་དག་གིས་རིམས་ནད་ལ་རྒྱུས་ལོན་གང་ལེགས་བྱེད་པ་དང་བདེ་ཐང་ལ་ཕན་པའི་གདམ་གསེས་བྱས་ཏེ། དུས་ཡུན་རིང་བོར་བདེ་ཐང་གི་འཚོ་བ་ལོངས་སུ་སྤྱོད་དགོས་པའི་འབོད་སྐུལ་བཏང་།
ཐན་ཏི་སེ་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་འབྱུང་བའི་སྐབས་སུ་ན་གཞོན་མང་ཆེ་བར་རིམས་ནད་ཚབས་ཆེན་འབྱུང་བའི་ཉེན་ཁ་ཆེར་མེད་ཀྱང་། མ་འོངས་པའི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་དང་རིམས་ནད་འབྱུང་བའི་ཚད་སྔར་ལས་རྒྱུན་མཐོང་དུ་འགྱུར་སྲིད་པས། ན་གཞོན་དག་གིས་མ་འོངས་པར་ནུས་པ་གལ་ཆེན་འདོན་པར་རོགས་རམ་བྱེད་དགོས་ཟེར།
ཁོས་རྩ་འཛུགས་ལས་ཁུས་དང་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ན་གཞོན་དག་གི་བསམ་འཆར་ལ་ཉན་པ་དང་། རིམས་ནད་འགོག་སྲུང་ཐད་ནས་ན་གཞོན་དག་ཟབ་ཞུགས་བྱེད་པར་སྐུལ་མ་གཏོང་བ་དང་། ན་གཞོན་དག་ལ་དབང་ཤུགས་བསྩལ་ནས། ཁོ་ཚོ་འགུལ་སྐྱོད་སྤེལ་བའི་གྲོགས་སུ་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་། རྒྱལ་ཁབ་སོ་སོའི་ན་གཞོན་གྱིས་ཆབ་སྲིད་ཐབས་ཇུས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དུ་འཇུག་དགོས། རྒྱུ་མཚན་ནི་ད་ལྟ་དང་མ་འོངས་པའི་བདེ་ཐང་འགྲན་རྩོད་ཀྱི་མདུན་ནས་ན་གཞོན་གྱི་ཟབ་ཞུགས་ལྷག་ཏུ་གལ་འགངས་ཆེ་པས་ཡིན། ན་གཞོན་དག་གིས་བློ་སྤོབས་ཆེན་པོས་བསམ་བློ་གཏོང་བ་དང་འགུལ་སྐྱོད་སྤེལ་བའི་སྐུལ་མ་གཏོང་དགོས། རྒྱུ་མཚན་ནི་འཛམ་གླིང་ཧྲིལ་བོའི་ན་གཞོན་དག་གི་གསར་གཏོད་ནུས་པ་དང་འདུ་ཤེས་གསར་བར་བརྟེན་དགོས་པས་ཡིན་ཟེར།
ཉེ་སྔོན་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་ཚབས་ཆེན་དུ་འགྱུར་བའི་སྣང་ཚུལ་བྱུང་ཡོད་པ་དང་། རིམས་ནད་ཀྱི་འཕེལ་ཕྱོགས་གསར་བའི་ཁྱད་ཆོས་ཤིག་ནི་ན་གཞོན་གྱི་འགོ་ཚད་ཇེ་མཐོར་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་རེ་འགར་ན་གཞོན་དག་འགོ་ཚད་ཆེས་མཐོ་བའི་མི་ཚོགས་སུ་གྱུར་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བལྟས་ན། རྒྱལ་ཁབ་རེ་འགའི་ནད་པ་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་ཞིག་ནི་ན་གཞོན་དག་གིས་དོགས་ཟོན་ཆེར་མ་བྱས་པས་ཡིན་པར་འདོད། ལས་ཁུངས་དེ་དང་རྒྱལ་ཁབ་མང་བོའི་ཆེད་མཁས་པས་ཉེན་བརྡ་བཏང་སྟེ། ན་གཞོན་ཀྱང་པྲོག་གསར་གློ་ཚད་རིམས་ནད་འགོ་ཉེན་ཆེ་བའི་མི་ཚོགས་ཡིན་པས། ངེས་པར་དུ་རིམས་འགོག་གཏན་འཁེལ་འགོག་སྲུང་བྱེད་དགོས་ཟེར།
ཚེས་བཅུ་གཉིས་ཉིན་ནི་རྒྱལ་སྤྱིའི་ན་གཞོན་ཉིན་མོ་ཡིན་པ་དང་། ད་ལོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་འོག་གི་བརྗོད་སྙིང་ནི་ན་གཞོན་དག་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་ནང་ཞུགས་དགོས་ཞེས་པ་དེ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།