རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁས་ལེན་བྱས། 
2020.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཚེས་གསུམ་ཉིན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་་བརྙན་རིས་གྲོས་ཚོགས་བསྡུས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐག་གཅོད་དང་མ་འོངས་པར་རིམས་ནད་ཀྱི་འགོག་སྲུང་ལ་ཤུགས་སྣོན་རྒྱུ་ཁས་ལེན་བྱས། 

ཉིན་དེའི་གྲོས་ཚོགས་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་མགོ་འཛིན་བྱས། གྲོས་ཚོགས་ནས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། འཕྲོད་བསྟེན་ལས་ཁུངས་དང་རྒྱལ་ཁབ་སོ་སོི་འབྲེལ་ཡོད་སྡེ་ཁག་གིས་པྲོག་གསར་གློ་ཚད་རིམས་ནད་ལ་དམིགས་ནས་སྤྱད་པའི་སྔོན་འགོག་བྱེད་ཐབས་བརྩི་སྲུང་བྱས་པའི་རྨང་གཞིའི་སྟེང་། རྒྱལ་མཚམས་ཡང་བསྐྱར་སྒོ་འབྱེད་བྱེད་པ་དང་དཔལ་འབྱོར་སླར་གསོའི་བྱེད་ཐབས་སྤྱོད་པར་ཡང་གལ་འགངས་ཧ་ཅང་ཆེ་ཟེར། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ད་རུང་ཇི་ལྟར་རྒྱལ་ཁོངས་བརྒལ་བའི་དོ་དམ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རིམས་ནད་སྐབས་སུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་གྲོས་བསྡུར་བྱས། 

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་སོང་བ་ནི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པས། ནུས་ལྡན་དང་མཐུན་སྦྱོར་གྱི་འཛམ་གླིང་ཡོངས་ཀྱི་འགོག་བཅོས་བྱེད་ཐབས་ཤིག་སྤྱོད་དགོས། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས། རྒྱལ་ཁབ་སོ་སོའི་བར་མཉམ་ལས་སྤེལ་བ་དེ་སྔོན་ཆད་ཀྱི་དུས་གང་རུང་ལས་ཀྱང་གལ་འགངས་ཆེ་བར་མངོན་ཡོད་ཟེར། 

ཧྥེ་སཱ་ཨར་གྱིས་བཤད་རྒྱུར། རྒྱལ་ཁབ་སོ་སོས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཡང་བསྐྱར་རྒྱལ་མཚམས་སྒོ་འབྱེད་བྱས་ན་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སླར་གསོ་བྱེད་པར་ཕན་ཐོགས་ཡོད་པ་དང་། ཞོར་དུ་མིའི་རིགས་ལ་མཉམ་ལས་ལ་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱང་སྦྱིན་ཐུབ་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།