ཐན་ཏི་སའེ་ཡིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱི་དུས་བབ་ལ་འགྱུར་ལྡོག་གཏོང་རྒྱུར་ནམ་ཡང་འཕྱི་དུས་མེད་ཟེར།
2020.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ་ཡིས་ཚེས་གཉིས་ཉིན་བསྟན་དོན། འཛམ་གླིང་གི་ས་ཆ་སོ་སོ་ནས་ཡོང་བའི་ཉམས་མྱོང་ལས་བསྟན་དོན། སྟོབས་དང་ལྡན་པའི་འགོ་ཁྲིད་ཡོད་པ་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཚུར་སྣང་བྱས་པ་མགྱོགས་ན། བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱི་གནས་ཚུལ་གསར་པར་འགྱུར་ལྡོག་གཏོང་རྒྱུ་དེ་ནམ་ཡང་འཕྱི་པོ་མེད་ཟེར།

ཐན་ཏི་སའེ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་སྟེང་།  མིག་སྔར་གོ་ལ་ཧྲིལ་པོར་གཟའ་འཁོར་རེར་ནད་གཞི་གསར་པ་གཏན་འཁེལ་བྱས་པའི་ནད་པ་ས་ཡ་་གཉིས་ཙམ་མང་དུ་འགྲོ་བཞིན་ཡོད་ཅིང་།  རིམ་རྩིས་བྱས་ན་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་པས། དུས་འདིར་རིམས་ནད་ལ་ཁ་གཏད་འཇལ་བའི་འགག་རྩའི་དུས་སྐབས་ཡིན།  མི་ཚང་མར་མཚོན་ན་ཆེས་མགྱོགས་པའི་ཐག་གཅོད་བྱེད་ཐབས་ནི་ཐུན་མོང་གི་ངོས་ནས་བསམ་སྦྱོར་སྤེལ་རྒྱུ་དེ་ཡིན་ཟེར།

ཁོས་རྒྱལ་ཁབ་ཁག་གི་མིག་སྔའི་གནས་ཚུལ་རིགས་མི་འདྲ་བ་བཞི་ལ་ཐུག་ཡོདདེ་། རིགས་གཅིག་ནི་རྒྱལ་ཁབ་ཁ་ཤས་ཀྱིས་མགྱོགས་མྱུར་ངང་ནད་དུག་ཚོད་འཛིན་བྱས་པར་མ་ཟད། གཞི་ཁྱོན་ཆེ་བའི་སྒོ་ནས་རིམས་ནད་མཆེད་པ་སྔོན་འགོག་བྱས་ཡོད། རིགས་གཉིས་པ་ནི་རྒྱལ་ཁབ་ཁ་ཤས་སུ་རིམས་ནད་གཞི་རྒྱ་ཆེན་པོ་བྱུང་ཡང་རིམས་ནད་ཚོད་འཛིན་བྱེད་ཐུབ་ཡོད།  རིགས་གསུམ་པ་ནི་རྒྱལ་ཁབ་ཁ་ཤས་ཀྱིས་རིམས་ནད་ལ་ཚོད་འཛིན་བྱས་མྱོང་ཡོད་ནའང་། རིམ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཚོད་འཛིན་བྱེད་ཐབས་ལྷོད་གཡེང་དུ་བཏང་རྗེས་ནད་དཔེ་ཅུང་ཇེ་མང་དུ་ཕྱིན་ཡོད། རིགས་བཞི་པ་ནི། རྒྱལ་ཁབ་ཁ་ཤས་སྔར་བཞིན་རིམས་ནད་མེ་ལྕེ་བཞིན་གང་སར་མཆེད་པའི་དུས་རིམ་དུ་གནས་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།