འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་ཆུ་ཚོད་བཅུ་དགུ་དང་སྐར་མ་ཞེ་གསུམ་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་གྲངས་ཀ་དེ་སྔ་ཉིན་དང་བསྡུར་ན་ནད་པ་འབུམ་གསུམ་དང་ཁྲི་དགུ་སྟོང་གཉིས་དང་བཞི་བརྒྱ་དོན་གཅིག་འཕར་སྣོན་བྱུང་བས། རིམས་ནད་ཚབས་ཆེན་བྱུང་བའི་ཚུན་ལ་ནད་པ་འཕར་ཚད་ཆེས་མཐོ་བའི་ཉིན་ཞིག་རེད། འཛམ་གླིང་ཡོངས་སུ་ཉིན་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་གྲངས་ཀ་བསྟུད་མར་ཉིན་གཉིས་ལ་ཆེས་མཐོ་བའི་ཟིན་ཐོ་བསྐྲུན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན། ཡོ་རོབ་གླིང་དབུས་ཁུལ་གྱི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་ཆུ་ཚོད་བཅུ་དགུ་དང་སྐར་མ་ཞེ་གསུམ་བར་དུ་འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་གཅིག་ལྷག་ལ་སླེབས་པ་དང་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ལྷག་རྐྱེན་ལམ་དུ་ཤོར།
ཡོ་རོབ་གླིང་དུ་ཉེ་ལམ་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་བྱུང་བ་ནི་འཛམ་གླིང་ཡོངས་སུ་ཉིན་གཅིག་ལ་ནད་པ་འཕར་ཚད་ཆེས་མཐོ་བའི་རྐྱུ་རྐྱེན་གཙོ་བོ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་ས་ཁུལ་གྱིས་ཚེས་བཅུ་བདུན་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་དང་བདུན་བརྒྱ་གྱ་གསུམ་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ས་ཁུལ་དྲུག་ཏུ་བགོས་པའི་ཁྲོད་དུ་རིམས་ནད་འཕར་ཚད་ཆེས་མཐོ་བའི་ས་ཁུལ་ཞིག་ཡིན་པ་དང་དེའི་འཕྲོ་ནས་མེ་གླིང་ས་ཁུལ་ཡིན་ལ། ས་ཁུལ་དེས་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་དང་དྲུག་བརྒྱ་བཞི་བཅུ་འཕར་སྣོན་བྱུང་བ་ཡར་ཞུ་བྱས།
ལོ་ཙཱ་བ། བཀྲ་ཤིས་འབུམ།