ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་རིམས་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
2020.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བརྡ་འཕྲིན་རྫུན་མས་འཛམ་གླིང་ཡོངས་ཀྱི་རིམས་འགོག་བྱ་བར་གཏོར་བརླག་བྱེད་པར་རྒོལ་གཏམ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཚུན་ལ། པྲོག་གསར་གློ་ཚད་ལྟ་བུའི་འགྲན་རྩོད་ཅིག་ལ་གཏན་ནས་འཕྲད་མྱོང་མེད། འཛམ་གླིང་ཡོངས་ལ་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཚུན་གྱི་ཆེས་ཚབས་ཆེ་བའི་དཔལ་འབྱོར་ཉམས་ཉེན་འབྱུང་བཞིན་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་ཕོངས་གནས་བབ་ཇེ་སྡུག་ཏུ་བཏང་ནས་ལྟོགས་སྐོམ་འབྱུང་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ད་ལྟ་མཁོ་བ་ནི་རྒྱལ་སྤྱིའི་མཉམ་ལས་རེད། རིམས་ནད་ཀྱི་སྐབས་སུ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་ཆེ་བར་སྒེར་ཚུགས་རིང་ལུགས་ཀྱི་རྣམ་པ་བྱུང་ཡོད་ཟེར། ཁོས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ན་ད་གཟོད་ང་ཚོ་རིམས་ནད་ལས་རྣམ་པར་ཐར་བར་རོགས་རམ་བྱེད་ཐུབ་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བཤད་རྒྱུར། པྲོག་གསར་གློ་ཚད་ཀྱི་ནད་དུག་མ་གཏོགས་བརྡ་འཕྲིན་རྫུན་མའི་ནད་དུག་ཀྱང་ཡོད། བརྡ་འཕྲིན་རྫུན་མ་དང་ངག་རྒྱུན་བཤད་སྲོལ་སྣ་ཚོགས། གཡོ་ཇུས་ཀྱི་དཔྱད་བརྗོད་སོགས་པྲོག་གསར་གློ་ཚད་རིམས་ནད་སྐབས་སུ་གང་འདོད་དུ་དྲིལ་སྒྲོག་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚན་རིག་དང་དོན་དངོས་གཞིར་བཟུང་སྟེ། མི་རྣམས་ལ་རིམས་འགོག་བྱ་བའི་ཡིད་ཆེས་ཆགས་པར་བརྩོན་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐད་ནས་བཤད་རྒྱུར། འགོག་སྨན་དེ་མི་ཚང་མར་འདོན་སྤྲོད་བྱེད་པའི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་དངོས་རྫས་ཤིག་ཏུ་གྱུར་ནས། ཐོབ་སླ་བར་བྱས་ཏེ་མི་ཚང་མས་ཁུར་དུ་ལེན་ཐུབ་པར་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་འཇར་མན་དུ་འཚམས་འདྲི་བྱས་ཏེ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་གཏམ་བཤད་སྤེལ་བ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་རྗེས་དྲན་བྱ་འགུལ་རབ་དང་རིམ་པའི་ཁག་ཅིག་རེད། འཇར་མན་གྱིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།