ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་དང་འགྲིམ་འགྲུལ་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།
2021.01.22 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་བཅོས་དང་འགྲིམ་འགྲུལ་བདེ་འཇགས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བ་ལྟར། བདེ་འཇགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་སྟེ། རིམས་ནད་འགོག་བཅོས་དང་འགྲིམ་འགྲུལ་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཟི་ལིང་མེ་འཁོར་ས་ཚིགས་སུ། ཞིན་ཁྲང་ཞིང་གིས་ཕྱིར་འགྲོ་འོང་ས་ཚིགས་ཀྱི་བདེ་འཇགས་ཞིབ་དཔྱད་བྱེད་ས་དང་རླངས་འཁོར་ལ་སྒུག་སའི་ཚོམས་ཆེན་གྱི་ལུས་དྲོད་འཇལ་བ་དང་དུག་སེལ་སོགས་བྱེད་ཐབས་ལ་ལྟ་ཞིབ་བྱས་པ་དང་། འགྲུལ་སྐྱེལ་གྲངས་ཚད་ཀྱི་འགྱུར་ལྡོག་དང་བྲེལ་མྱུར་གནས་བབ་འོག་གི་འགྲུལ་སྐྱེལ་ལོགས་འགར་ཇུས་གཞི་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། ཟི་ལིང་གྲོང་ཁྱེར་ཞིན་ཉིན་ལམ་འགྲུལ་སྐྱེལ་ས་ཚིགས་སུ། ཞིན་ཁྲང་ཞིང་རླངས་འཁོར་ས་ཚིགས་ཀྱི་སྤ་སེ་འཚོང་ས་དང་སྤ་སེ་ཞིབ་བཤེར་བྱེད་ས། རླངས་འཁོར་སྒུག་ས། མ་བུའི་རླངས་འཁོར་སྒུག་ས་བཅས་ལ་སོང་ནས། ཞིང་ཆེན་ཕྱི་ནང་གི་རླངས་འཁོར་ལམ་ཐིག་བཀོད་སྒྲིག་དང་འགྲུལ་སྐྱེལ་གནས་ཚུལ། རླངས་འཁོར་སྲུང་སྐྱོབ་གནས་བབ་སོགས་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་བྱ་བ་འགོ་རྩོམ་ལ་ཉེ་བས། ལོ་སར་གྱི་འགྲུལ་སྐྱེལ་སྐབས་ཀྱི་རིམས་ནད་འགོག་བཅོས་དང་སྐྱེལ་འདྲེན་རྩ་འཛུགས་འགན་སྲུང་སོགས་རེ་བ་ལྟར། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་ཕར་འགྲོ་ས་དང་ཚུར་ཡོང་ས་གཉིས་དམ་འཛིན་བྱེད་པ། འགྲུལ་བའི་ལུས་དྲོད་འཇལ་བ་དང་རླངས་འཁོར་སྒུག་སའི་དུག་སེལ། རྨིད་གཅིག་གི་ཐིག་རིས་བཀོད་སྒྲིག མི་དང་དངོས་ཟོག་གཉིས་ཐད་ནས་འགོག་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས། ཡུལ་དངོས་ལས་བྱེད་མི་སྣས་རང་ཉིད་ཀྱི་ནད་འགོག་བྱ་བ་བཟང་བོར་སྒྲུབ་པ་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ། ལོ་ལོན་སོགས་དམིགས་བསལ་མི་ཚོགས་ཀྱི་ཕྱིར་བགྲོད་དགོས་མཁོར་འགན་སྲུང་བྱེད་དགོས། འགྲུལ་བའི་འགྱུར་ལྡོག་ལ་དོ་སྣང་བྱེད་པ་དང་། དུས་ཐོག་ཏུ་འགྲུལ་སྐྱེལ་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ། ཐག་རིང་དུ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་རྒྱང་བསྟེན་དུས་ཐོག་ལྟ་རྟོག་བྱ་བ་བཟང་བོར་བསྒྲུབ་པ། རིག་སྟོབས་འགྲིམ་འགྲུལ་གྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། མི་དམངས་མང་ཚོགས་བདེ་འཇགས་བདེ་ཐང་དང་བརྟན་བརླིང་སྒྲིག་ཡོད་སྒོས་ཕྱིར་བགྲོད་པར་འགན་སྲུང་བྱེད་དགོས་ཟེར།

ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ་རུ། ཞིན་ཁྲང་ཞིང་གིས་ཚ་རྒྱས་སྒོ་བསྟེན་དང་སྔོན་བཤེར་སྒོ་བསྟེན། ཉིང་བསྐྱུར་བརྟག་དཔྱད། འགོག་སྨན་རྒྱག་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། 

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་དམིགས་བསལ་ལས་རེས་རུ་ཁག་ཏུ། ཞིན་ཁྲང་ཞིང་གིས་འགྲིམ་འགྲུལ་བདེ་འཇགས་དང་འཕྲལ་བསྟུན་ཞབས་ཞུ་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཞིང་ཆེན་གྱི་འགོ་ཁྲིད་མཱ་ཅི་ཞོ་དང་ཁྲིན་རུའེ་ཧྥིན། ཁོང་ཡུང་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།