ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་སྐབས་ཀྱི་རིམས་ནད་འགོག་བཅོས་བྱ་བར་བརྟག་བཤེར་ལྟ་སྐུལ་བྱས།
2021.01.28 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་སྔ་གཞུག་ཏུ་སའོ་ཧྥེ་ཐི་མགྲོན་ཁང་དང་མཚོ་སྔོན་མགྲོན་ཁང་སོགས་ལ་སོང་ནས། ཡུལ་དངོས་ནས་ཚོགས་ར་སོ་སོའི་ལུས་དྲོད་འཇལ་བ་དང་ཚོགས་ར་བཀོད་སྒྲིག བཟའ་བཏུང་གཙང་སྦྲ་སོགས་རིམས་ནད་འགོག་བཅོས་བྱེད་ཐབས་ལག་བསྟར་གནས་ཚུལ་ལ་ལྟ་ཞིབ་བྱསཔ་དང་། མགྲོན་ཁང་ཁོར་ཡུག་གི་དུག་སེལ་དང་རིམས་ནད་འགོག་བཅོས་དངོས་ཟོག་ཆ་སྡེབས། མི་སྣ་དོ་དམ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། འབྲེལ་ཡོད་ཕྱོགས་སོ་སོས་རིམས་ནད་འགོག་བཅོས་འདུ་ཤེས་སྔར་ལས་མཐོར་འདེགས་གཏོང་བ་དང་། ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུ་བའི་ཐད་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། རིམས་ནད་འགོག་བཅོས་ཚན་ཆུང་གིས་མི་སྣའི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མགྲོན་ཁང་དང་བཅའ་སྡོད་བྱེད་སའི་ཚད་གཞི་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་བཅོས་བྱ་བར་ལྟ་སྐུལ་ནན་མོ་བྱེད་པ། དེ་དང་མཉམ་དུ་ཚོགས་ཞུགས་འཐུས་མི་དང་ཨུ་ཡོན་གྱི་བདེ་ཐང་ཞབས་ཞུ་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་ནས། འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་དགོས། མགྲོན་ཁང་ཕྱོགས་སོ་སོས་འགོག་བཅོས་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། མི་དང་དངོས་པོ། ཁོར་ཡུག་གི་མཉམ་འགོག་འབུར་དུ་ཐོན་པར་བྱེད་པ། མི་སྣའི་བདེ་ཐང་དང་གཙང་སྦྲ་དུག་སེལ། སྨན་བཅོས་གད་སྙིགས་ཐག་གཅོད་སོགས་འགག་སྒོ་སྲུང་བ། ཁྱབ་ཁོངས་གཙོ་བོའི་དོ་དམ་བྱ་བ་བཟང་བོར་བསྒྲུབ་པ། ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་མྱུར་དུ་ལེགས་བཅོས་བྱས་ཏེ། འགོག་བཅོས་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ་དང་དོ་དམ་བཟང་བོ་བྱེད་པར་ཁག་ཐེག་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུ་བར་ཤུགས་ཡོད་འགན་སྲུང་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།