འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མཉམ་སྤྱོད་བྱེད་པ་དང་ཐོན་སྐྱེད་གཞི་རྒྱ་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། 
2021.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་རྒྱལ་ཁབ་སོ་སོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མཉམ་སྤྱོད་བྱེད་པའི་ཞོར་དུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་མཁན་དག་གིས་ཐོན་སྐྱེད་གཞི་རྒྱ་ལྡབ་འགྱུར་གྱིས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བགོ་བཤའ་བྱས་པ་འདྲ་མཉམ་མིན་པའི་སྣང་ཚུལ་གྱིས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་བརྒྱབ་པའི་ཚད་མིག་སྔར་ནད་འགོས་པའི་མི་གྲངས་ལས་བརྒལ་ཡོད་ཀྱང་། བཞི་ཆའི་གསུམ་གྱི་འགོག་སྨན་དེ་འཛམ་གླིང་ཡོངས་ཀྱི་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་ཅུ་ཙམ་ལ་བསླེབས་པའི་རྒྱལ་ཁབ་བཅུ་ནས་བཀོལ་བ་དང་། མི་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ཡོད་པའི་རྒྱལ་ཁབ་བརྒྱ་དང་སུམ་ཅུར་ཐ་ན་པྲོག་གསར་གློ་ཚད་ཀྱི་འགོག་སྨན་བརྒྱབ་པ་གཅིག་ཀྱང་མེད་ཟེར། 

ཐན་ཏི་སེ་ཡིས་བལྟས་ན། སྲིད་གཞུང་སོ་སོར་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་ཀྱང་། འགོག་སྨན་ཡོད་པའི་རྒྱལ་ཁབ་དག་གིས་འཕྲོད་བསྟེན་བྱ་བ་བྱེད་མཁན་དང་རྒན་པ་དག་ལ་འགོག་སྨན་བརྒྱབ་ཡོད། རྒྱལ་ཁབ་རང་གི་མི་སྣ་གཞན་པར་སྲུང་སྐྱོབ་བྱེད་ཐབས་ཆེས་བཟང་བོ་ནི་འགོག་སྨན་མཉམ་སྤྱོད་བྱས་ཏེ་རྒྱལ་ཁབ་གཞན་པས་ཀྱང་དེ་ལྟར་བྱེད་དེ་ཡིན། དེའི་རྒྱུ་མཚན་ནི་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཉེན་ཁ་ཆེས་ཆེ་བའི་མི་ཚོགས་ལ་འགོག་སྨན་བརྒྱག་པར་དུས་ཚོད་ཅི་འདྲའི་མང་བོ་འགོར་ན། པྲོག་གསར་ནད་དུག་གི་གཤིས་འགྱུར་འབྱུང་བར་གོ་སྐབས་ལྷག་ཏུ་ཆེ་བ་ཡིན་པར་འདོད། 

ཐན་ཏི་སེ་ཡིས་པྲོག་གསར་གློ་ཚད་རིམས་ནད་བཟོ་སྐྲུན་བྱེད་མཁན་གྱིས་ཐོན་སྐྱེད་གཞི་རྒྱ་ལྡབ་འགྱུར་གྱིས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བཟོ་སྐྲུན་མཁན་གྱིས་སྤྱི་བའི་མ་དངུལ་མང་བོ་ཐོབ་རྗེས་རང་གི་གཞི་གྲངས་དང་ལག་རྩལ་མཉམ་སྤྱོད་བྱས་ཏེ། འཛམ་གླིང་ཡོངས་སུ་འགོག་སྨན་འདྲ་མཉམ་གྱིས་ཐོབ་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།