ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཡོ་རོབ་གླིང་མནའ་འབྲེལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཉོ་བསྡུའི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 
2021.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཚེས་ལྔ་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཉོ་བསྡུའི་ཐད་ཀྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་འགོག་སྨན་ཐོན་སྐྱེད་དང་མཁོ་འདོན་ཐད་ཀྱི་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་ཚེས་ལྔ་ཉིན་མའོ་ཁི་ཨར་དང་བརྙན་རིས་གྲོས་མོལ་བྱས། མཱ་ཁི་ལུང་གིས་གྲོས་མོལ་བྱས་རྗེས་བཤད་རྒྱུར། ཉེ་བའི་གཟའ་འཁོར་འགའི་རིང་། ཡོ་རོབ་གླིང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་དང་མཁོ་འདོན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། དེའི་སྔོན་འགོག་སྨན་ཐོན་སྐྱེད་མི་བྱེད་པའི་ཁེ་ལས་ཀྱིས་ཀྱང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱས་ཏེ་ཁ་གྲངས་ཇེ་མང་དུ་གཏོང་བཞིན་ཡོད་ལ། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐུན་སྒྲིལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བདམས་པའི་འགོག་སྨན་ཉོ་བསྡུའི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།  གལ་ཏེ་ཧྥ་རན་སི་དང་འཇར་མན་གྱིས་འགོག་སྨན་ཉོ་བསྡུ་དང་ཐོན་སྐྱེད་ཐད་ནས་འགྲན་རྩོད་བྱས་ན། རྙོག་འཛིང་གི་གནས་སུ་ལྷུང་སྲིད་པ་དང་། དཔལ་འབྱོར་དང་སྤྱི་བའི་འཕྲོད་བསྟེན་ཐད་དུའང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་ཟེར། 

མའོ་ཁི་ཨར་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མིག་སྔའི་འགོག་སྨན་ཐོན་སྐྱེད་ནུས་པ་སྔོན་དཔག་ལས་དམའ་བའི་ཚུལ་བསྟན། 

ཡོ་རོབ་གླིང་མནའ་འབྲེལ་གྱི་འགོག་སྨན་བརྒྱག་པའི་བྱ་བར་ཉེ་སྔོན་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཐོབ་པའི་ཚད་ཉུང་བ་དང་མྱུར་ཚད་དལ་བ་སོགས་ཀྱི་སྐྱོན་བརྗོད་ཐེབས་ཡོད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱི་མགྲིན་ཚབ་པས་ཚེས་ལྔ་ཉིན་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁོངས་གཏོགས་རྒྱལ་ཁབ་དག་གི་ཚབ་བྱས་ཏེ་འགོག་སྨན་ཐད་ནས་གྲོས་མོལ་བྱས་པ་དང་རང་ནུས་ཅི་ཡོད་བཏོན་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་བྱེད་ཐབས་སྤྱད་དེ་ཕྱིན་ཆད་བྲེལ་མྱུར་གནས་ཚུལ་བྱུང་སྐབས་འཕྲལ་དུ་ཐག་གཅོད་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།