འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པའི་ཐད་རོགས་འདེགས་གང་མང་བྱེད་དགོས་པའི་འབོད་སྐུལ་བཏང་། 
2021.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་སོ་སོ་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་པའི་ཚོང་བས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་འགོག་སྨན་ཐོབ་པའི་ཐད་རོགས་འདེགས་གང་ལེགས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བར་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ལག་རྩལ་བརྒྱུད་སྤྲོད་དང་རང་མོས་ལྟར་ཐོབ་ཐང་སྩོལ་བ། དགོས་མཁོ་ཡོད་པའི་སྐབས་སུ་ཤེས་བྱའི་ཐོན་དབང་རྩིས་མེད་དུ་གཏོང་བའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགོག་སྨན་གྱི་ཐོན་ཚད་ཇེ་ཆེར་བཏང་ནས་འགོག་སྨན་གྱི་ཁེབས་ཚད་ཇེ་མཐོར་གཏོང་བར་སྟབས་བདེ་བཟོ་དགོས། ཁོས་ང་ཚོས་ཡང་དག་པའི་གདམ་གསེས་བྱེད་པའི་རེ་བ་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། གལ་ཏེ་འདྲ་མཉམ་གྱིས་འགོག་སྨན་ཐོབ་ཐབས་མེད་ན། ང་ཚོ་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐབས་མེད་པ་དང་། འཛམ་གླིང་ཧྲིལ་བོ་ཡང་མྱུར་མོར་རིམས་ནད་ཀྱི་གནོད་པ་ལས་སླར་གསོ་བྱེད་ཐབས་མེད་པ་མངོན་གསལ་རེད། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མཉམ་སྤྱོད་བྱེད་པ་དེ་དོན་དངོས་སུ་ཚེ་སྲོག་དང་འཚོ་ཐབས་ཀྱི་རྒྱུན་ལྡན་རྣམ་པ་སླར་གསོ་བྱེད་པའི་ཐབས་བཟང་བོ་ཞིག་ཡིན་ལ། མཉམ་ལས་བྱེད་པ་དེ་རྒྱལ་ཁབ་ཚང་མའི་ཁེ་ཕན་དང་འཚམ་པ་ཡིན། 

ཐན་ཏི་སེ་ཡིས་བསྟན་དོན། འགོག་སྨན་མཉམ་སྤྱོད་བྱེད་པ་ནི་མིག་སྔའི་དཀའ་གནད་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་གཞན་པས་ཡང་དང་བསྐྱར་དུ་འདྲ་མཉམ་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པར་སྐུལ་མ་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉོ་ཚོང་དང་འབྲེལ་བའི་ཤེས་བྱའི་ཐོན་དབང་གི་གྲོས་ཆོད་ཁྲོད་དུའང་ཤེས་བྱའི་ཐོན་དབང་རྩིས་མེད་དུ་གཏོང་བའི་འབྲེལ་ཡོད་གཏན་འཁེལ་བྱས་ཡོད། ཐན་ཏི་སེ་ཡིས་བསྟན་དོན། དེའི་ཐད་དུ་མཉམ་ལས་མེད་པ་དང་རྒྱལ་ཁབ་རེ་འགས་ཐ་ན་དེར་འཛེམ་དོགས་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཉིན་དེའི་སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་སྟེ། འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པ་དང་དབུལ་ཕོངས་ས་ཁུལ་དག་ལ་འདྲ་མཉམ་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ཐད་ནས་ཐན་ཏི་སེ་ཡིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདེམ་ཤོག་འཕངས་ཏེ་འདྲ་མཉམ་ངང་འགོག་སྨན་ཐོབ་པའི་བྱ་བར་རྒྱབ་སྐྱོར་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེའི་ཞོར་དུ་ང་ཚོས་སྤྱད་ཆོག་པའི་ཐག་གཅོད་ཇུས་གཞི་ལག་བསྟར་བྱེད་དགོས་པས། ནན་ཏན་གྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་རྩིས་མེད་དུ་གཏོང་བར་ལྟ་སྟངས་ཡང་དག་འཛིན་དགོས་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།