མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཁྲུག་རྩོད་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་རྒྱལ་ཁབ་སོ་སོར་འདྲ་མཉམ་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 
2021.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་གྲོས་ཆོད་གཉིས་དྲུག་ང་དྲུག་ལ་གྲོས་མཐུན་བཀོད་དེ། ཁོངས་གཏོགས་རྒྱལ་ཁབ་ཚང་མས་འཁྲུག་རྩོད་ས་ཁུལ་དུ་བསྟུད་མར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱས་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་འཁྲུག་རྩོད་ས་ཁུལ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་འདྲ་མཉམ་ངང་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཆོད་དེ་ལས་ཁོངས་གཏོགས་རྒྱལ་ཁབ་ཚང་མས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ལག་བསྟར་འཆར་གཞིར་མ་དངུལ་འདོན་སྤྲོད་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་འགོག་སྨན་ཐོབ་པར་རོགས་རམ་བྱེད་པ་དང་། མཉམ་དུ་འདྲ་མཉམ་ངང་འགོག་སྨན་ཐོབ་པའི་སྐྱེལ་འདྲེན་བཀག་རྒྱ་སོགས་ཁྱད་བསལ་བྱེད་པ། བྱེ་བྲག་གི་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་འཁྲུག་རྩོད་ས་ཁུལ་དུ་འབྱོར་བར་བྱེད་དགོས་པའི་འབོད་སྐུལ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་བཀོད་པའི་གྲོས་ཆོད་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་རི་ནེ་ཝ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དགའ་སྤྲོའི་ཚུལ་བསྟན་པ་དང་། ཁོས་བལྟས་ན་ངེས་པ་དོན་གྱིས་འདྲ་མཉམ་བགོ་བཤའི་གནད་དོན་ཐག་གཅོད་བྱེད་པར་ད་རུང་ངེས་པར་དུ་ཆེད་ཁེའི་དབང་གཏོང་གནད་དོན་ལ་བསམ་བློ་ནན་མོ་གཏོང་དགོས་པར་འདོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།