ཁོང་ཡུང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བར་རྟོག་ཞིབ་བྱས།
2021.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཞི་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་ཀུའུ་ཁྲིན་ཐའེ་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཏུང་ཀོན་སྲང་ལམ་སྡོད་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཞིང་ཆེན་མི་དམངས་སྨན་ཁང་བཅས་ལ་སོང་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཡུལ་དངོས་ནས་མཛུབ་ཁྲིད་གྲོས་གཞི་བཏོན།

ཁོང་ཡུང་གིས་བསྟན་དོན། གཞི་ཁྱོན་ཆེ་བའི་མི་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་སྤེལ་བ་ནི། ཞིང་ཆེན་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ནད་འགོག་དགོས་མཁོ་སྐོང་བ། ཕན་ཡོད་ནད་འགོག་འགོག་སྲུང་འཛུགས་པའི་བྱེད་ཐབས་གལ་ཆེན་ཡིན། སྨན་བཅོས་ལས་ཁུངས་སོ་སོས་འགོག་སྨན་རྒྱག་པའི་བྱ་བའི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ཆེན་རིམས་ནད་འགོག་བཅོས་བཀོད་འདོམས་ཀྱི་བྱ་བའི་བླང་བྱ་ལྟར། བདེ་འཇགས་དང་གོ་རིམ་ལྡན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་སྤེལ་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་སོ་སོས་རྒྱུ་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། མི་སྣ་སྒྲིག་ཆས་བཀོད་སྒྲིག་བཟང་བོ་བྱེད་པ། ལམ་སྣ་མང་པོ་ནས་འགོག་སྨན་དངོས་ཟོག་མཁོ་འདོན་ལ་འགན་སྲུང་བྱེད་པ། མིས་འགོག་སྨན་ལ་སྒུག་པའི་སྣང་ཚུལ་མི་འབྱུང་བར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་འགོག་སྨན་རྒྱག་པའི་དགོས་མཁོ་སྐོང་དགོས། འགོག་སྨན་རྒྱག་པའི་རྒྱུད་རིམ་ཚད་ལྡན་དུ་བསྒྱུར་བ་དང་། འགོག་སྨན་གྱི་རྒྱུད་རིམ་ཧྲིལ་བོའི་དོ་དམ་དང་བདེ་འཇགས་འགོག་སྲུང་ཇེ་དྲག་ཏུ་གཏོང་བ། ལག་བསྟར་ནན་མོ་བྱེད་པ། ཡུལ་དངོས་རྩ་འཛུགས་བཟང་བོ་བྱེད་པ། བདེ་ཐང་ལྟ་ཞིབ་ལ་ཤུགས་བསྣན་ནས། བདེ་འཇགས་དང་ཚད་ལྡན་ངང་འགོག་སྨན་རྒྱག་པར་ཁག་ཐེག་བྱེད་དགོས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཁ་ཆད་བྱེད་པ་དང་བརྟག་དཔྱད་བྱེད་པ། འགོག་སྨན་རྒྱག་པ། ཕྱིར་འཚམས་འདྲི་བྱེད་པ་སོགས་ཀྱི་ཞབས་ཞུ་རྒྱུད་རིམ་ཇེ་ལེགས་སུ་གཏོང་བ། འགོག་སྨན་རྒྱག་པའི་རིམ་པ་བཀོད་སྒྲིག་འོས་མཐུན་བྱས་ཏེ། འགོག་སྨན་རྒྱག་པའི་ཞབས་ཞུའི་ཁྱབ་གདལ་རང་བཞིན་དང་སྟབས་བདེ་རང་བཞིན་མཐོར་འདེགས་གཏོང་དགོས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། གོ་བདེ་བའི་བྱེད་ཐབས་སྤྱད་དེ་འགོག་སྨན་རྒྱག་པའི་སྔ་རྗེས་ཀྱི་མཉམ་འཇོག་བྱ་བ་དང་འགོག་སྨན་རྒྱག་པའི་བདེ་འཇགས་རང་བཞིན་སོགས་ཀྱི་ནང་དོན་ཐད་ནས་དྲིལ་སྒྲོག་རྒྱ་ཆེར་བྱས་ནས། མང་ཚོགས་ཀྱི་འགོག་སྨན་རྒྱག་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགོག་སྨན་རྒྱག་འདོད་པ། སེམས་བདེ་མོས་འགོག་སྨན་རྒྱག་པར་བྱེད་དགོས། འགོག་བཅོས་བྱེད་ཐབས་ལག་བསྟར་བྱེད་པ་དང་། ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་འགོག་སྨན་རྒྱག་པའི་བྱ་བ་སྤེལ་བ། རིམས་ནད་འགོག་བཅོས་ལས་འགན་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།