ཉེ་སྔོན་འཛམ་གླིང་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོ་ཚད་ཇེ་མཐོར་འགྲོ་བཞིན་པ་དང་། རྒྱལ་ཁབ་མང་བོའི་མདུན་དུ་ལྷགས་པའི་པྲོག་གསར་གློ་ཚད་རིམས་ནད་དཀོན་པའི་གནད་དོན་ཚབས་ཆེན་ཡིན་པར་དམིགས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་དང་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་པུའུ་ལིང་གཉིས་ཀྱིས་ཚེས་གསུམ་ཉིན་མཉམ་དུ་གནས་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
ཐན་ཏི་སེ་ཡིས་ཉིན་དེར་སྤེལ་བའི་དྲ་ཐོག་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་གཟའ་འཁོར་གཉིས་ནང་འཛམ་གླིང་ཡོངས་ནས་སྙན་ཞུ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དེ་རིམས་ནད་ཐོག་མར་བྱུང་རྗེས་ཀྱི་ཟླ་ངོ་དྲུག་གི་སྤྱི་བསྡོམས་ལས་ཀྱང་མང་ཟེར། གཟའ་འཁོར་སྔོན་མར་རྒྱ་གར་དང་པཱ་ཞི་ཡིས་སྙན་ཞུ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ཀྱིས་འཛམ་གླིང་ཡོངས་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད་ལ། རྒྱལ་ཁབ་མང་བོའི་གནས་བབ་ཀྱང་ཧ་ཅང་ཉམ་ང་བར་གནས་ཡོད་ཟེར།
ཐན་ཏི་སེ་ཡིས་བསྟན་དོན། གལ་ཏེ་མི་དར་མ་མང་ཆེ་བར་འགོག་སྨན་བརྒྱབ་སྟེ་ཚོགས་ཁག་གི་རིམས་འགོག་ནུས་པ་མངོན་འགྱུར་བྱེད་དགོས་ན། འགོག་སྨན་དེ་ད་ཡོད་ཀྱི་ཁ་གྲངས་ལད་ལྡབ་འགྱུར་གྱིས་བརྒལ་སྲིད་པ་རེད། འགོག་སྨན་གྱི་ཐོན་ཚད་ཇེ་མཐོར་གཏོང་ཆེད། གནས་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་གཏོང་བར་གལ་འགངས་ཧ་ཅང་ཆེ་བ་ཡིན་ཡང་། དེ་ནི་དགེ་སྒྲུབ་ཀྱི་གནད་དོན་ཅིག་མ་ཡིན་ཟེར།
པུའུ་ལིང་གིས་བསྟན་དོན། གནས་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་བཏང་ན་ཨ་ཧྥེ་རི་ཁ་གླིང་དང་དེ་མིན་འགོག་སྨན་ཐོན་སྐྱེད་བྱས་མེད་པའི་ས་གནས་ཀྱིས་འགོག་སྨན་ཐོན་སྐྱེད་བྱེད་པར་ཕན་ཐོགས་ཡོད། མིག་སྔར་ཨ་ཧྥེ་རི་ཁ་ལྷོ་མ་དང་རྒྱ་གར་འདུས་པའི་རྒྱལ་ཁབ་མང་བོར་གནས་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགོག་སྨན་ཐོན་སྐྱེད་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་གཟའ་འཁོར་སྔོན་མར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། ཕྱོགས་སོ་སོས་གཅིག་མཐུན་གྱི་གྲོས་མཐུན་གསལ་བོ་བཀོད་མེད། ཐན་ཏི་སེ་དང་པུའུ་ལིང་གཉིས་ཀྱིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་གནས་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་མེད་པར་གཏོང་བར་སྐུལ་འདེད་བྱེད་དགོས་པའི་འབོད་སྐུལ་བཏང་། ཐན་ཏི་སེ་ཡིས་ནན་གྱིས་བསྟན་དོན། གདམ་གསེས་གང་རུང་བེད་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཐོན་ཚད་ཇེ་མཐོར་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།