ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་གཉིས་ཀྱི་རིམས་འགོག་མཉམ་ལས་འབྲེལ་བ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རིམས་འགོག་དཔེ་མཚོན་དུ་གྱུར།
2021.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་མཉམ་འབྲེལ་གསར་འཛུགས་པ་ལིན་མེན་ཅི་ཡིས་ཉིན་འགའི་སྔོན་ལ་ཡ་ཅཱ་ཏ་རུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།    ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོ་གཉིས་ཀྱིས་པྲོག་གསར་རིམས་ནད་འགོག་རྒོལ་ཐད་ནས་མཉམ་ལས་བྱེད་སྔ་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རིམས་འགོག་དཔེ་མཚོན་དུ་གྱུར་ཡོད་ཟེར།

ལིན་མེན་ཅི་ཡིས་བསྟན་དོན།  མིག་སྔར། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ནང་གི་རིམས་ནད་གནས་ཚུལ་ཛ་དྲག་ཆེ་བ་དང་།   ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་རིམས་འགོག་བྱེད་ཐབས་རབ་དང་རིམ་པ་བཏོན་ཡང་།  དོན་འཁྱོལ་བྱས་པ་ནུས་ལྡན་མིན་པས་རིམས་འགོག་བྱ་བ་འཐབ་རྩོད་ཆེན་པོ་དང་འཕྲད་ཡོད།   དམངས་ཡོངས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་རྒྱུ་ནི་ཧི་རྡུ་ཉི་ཞི་ཡ་རིམས་ནད་ལས་རྒྱལ་བའི་རེ་བ་ཉག་ཅིག་ཡིན་ཟེར།

ཁོས་བསྟན་དོན།    ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་ལ་རིམས་འགོག་ཐད་ནས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་།  ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡ་ལ་འགོག་སྨན་འདོན་སྤྲོད་བྱས་པའི་རྒྱལ་ཁབ་ཐོག་མ་ཡིན་ལ།  ད་ལྟ་ཧིན་རྡུ་ཉི་ཞི་ཡས་བཀོལ་བཞིན་པའི་འགོག་སྨན་མང་ཆེ་བ་ནི་ཀྲུང་གོས་བཟོས་པའི་འགོག་སྨན་ཡིན།   ཀྲུང་གོའི་འགོག་སྨན་ནི་བདེ་འཇགས་ཡིན་ཞིང་ཕན་ནུས་ཆེ་ལ།  ང་རང་གིས་ཀྱང་ཀྲུང་གོའི་ཁུ་ཞིན་འགོག་སྨན་བརྒྱབ་ཡོད།   ཧིན་རྡུ་ཉི་ཞི་ཡའི་མི་དམངས་རྣམས་འགོག་སྨན་རྒྱག་པའི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ལིན་མེན་ཅི་ཡིས་ད་རུང་བསྟན་དོན།   རིམས་འགོག་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཐད་ནས་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་དགོས།   མ་འོངས་པར་ཀྲུང་གོས་ཕྱོགས་མང་པོའི་ཐད་ནས་ཧིན་རྡུ་ཉི་ཞི་ཡ་ལ་རོགས་སྐྱོར་མང་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

                                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།