ཟླ་ལྔ་པའི་ཚེས་བདུན་ཉིན། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་རིམས་ནད་འགོག་སྡོམ་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད། དུས་སྐབས་སྔོན་མའི་རིམས་ནད་འགོག་སྡོམ་བྱ་བར་སྤྱི་སྡོམ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ། རིམས་ནད་འགོག་སྡོམ་བྱ་བ་ཆེས་གལ་ཆེ་བར་བརྩིས་ནས་དམ་འཛིན་རྒྱུན་འཁྱོངས་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་ལེགས་པོ་བྱས། ཡུལ་སྐོར་དར་ཁྱབ་ཆེ་བའི་དུས་ལ་ཐོན་པ་དང་བསྟུན་ནས། རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་ཁ་གཏད་འཇལ་བའི་བླང་བྱ་གལ་ཆེན་དག་དམ་འཛིན་བྱས་ཏེ། འགོག་སྲུང་དམ་པོ་དང་གནད་ཁེལ་ལག་བསྟར་བྱེད་པ་སོགས་ལ་ཁག་ཐེག་བྱེད་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལངས་ནས། ལྷོད་གཡེང་བསམ་བློ་དང་སུན་སྣང་གི་བསམ་བློ་སེལ་ཏེ། དཀའ་གནད་དང་ཉེར་ཁར་དམིགས་ནས་རིམས་འགོག་བྱ་བ་སྣ་ཚོགས་ནན་ཏན་སྒོས་སྒྲུབ་དགོས། འཁྱག་ཟས་རིགས་ནང་འདྲེན་དང་རྒྱལ་ནང་གི་ཉེན་ཁ་ཆེ་བའི་ཁྱབ་ཁོངས་ཀྱི་ནང་འདྲེན་དངོས་ཟོག་ལ་ཞིབ་བཤེར་ཚད་འཇལ་ཡང་དག་བྱས་ནས། དངོས་ཟོག་ལས་རིམས་ནད་འགོ་བའི་གནས་ཚུལ་གཏན་འགོག་བྱེད་དགོས།གྲོང་གསེབ་ཀྱི་རིམས་ནད་སྔོན་འགོག་བྱ་བ་འབུར་ཐོན་ཏུ་བྱས་ཏེ། རིམ་པ་སོ་སོའི་སྣེ་ཁྲིད་འོག་སྔོན་འགོག་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ལེགས་པོ་བྱེད་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།