མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།
2021.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཐད་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རིམས་ནད་འགོག་བཅོས་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་ཐོག་ནས་བསྟན་དོན། གནས་སྐོར་དུས་ཚིགས་དང་རིགས་མི་འདྲ་བའི་གྲོས་ཚོགས་ཆེན་པོའི་བྱ་འགུལ་སྣ་ཚོགས་ཇེ་མང་དུ་སོང་བ་དང་བསྟུན་ནས། མིག་སྔར་རིམས་ནད་འགོག་བཅོས་ཀྱི་ལས་འགན་སྔར་ལས་ལྕི། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་བཅོས་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། ཚད་མཐའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ། རིམས་ནད་འགོག་བཅོས་ལ་དམ་འཛིན་ནན་མོ་བྱེད་པ། ལྷོད་གཡེང་གི་བསམ་བློ་དང་སུན་སྣང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་ཚུལ། སྟེས་དབང་གི་སེམས་པ་མཐའ་གཅིག་ཏུ་ཁྱད་སེལ་བྱས་ནས། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་སྣ་ཚོགས་དམ་འཛིན་བྱེད་དགོས། མྱུར་དུ་འགོག་སྨན་བརྒྱབ་ནས། མི་ཚོགས་ཀྱི་ནད་འགོག་ནུས་པ་ཇེ་མཐོར་གཏོང་དགོས། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་། མདུན་གྲས་ཀྱི་འགག་སྒོ་དམ་སྲུང་བྱེད་པ། མི་དངོས་མཉམ་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་པ། འཁྱག་སྦྲེལ་ཟས་རིགས་དང་འཁྱག་སྦྲེལ་ཟས་རིགས་མིན་པའི་དངོས་རྫས་ཀྱི་ཁུངས་འདེད་ཆ་འཕྲིན་ཅན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། ནད་དུག་དངོས་ཟོག་སྟེང་ནས་མི་ལ་འགོས་པར་བཀག་འགོག་བྱེད་དགོས། སྨན་བཅོས་ལས་ཁུངས་ལ་དོ་དམ་ནན་མོ་བྱེད་པ་དང་། ལྟ་ཞིབ་བྱེད་སར་དོ་སྣང་བྱེད་པ། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སྨན་བཅོས་སྡེ་ཁག་སྣ་ཚོགས་ཀྱིས་ངེས་པར་དུ་ཐོག་མའི་སྨན་བཅོས་འགན་ཁུར་འདུ་ཤེས་བརྟན་པོ་འཛུགས་པ་དང་། ནད་པ་བགོས་ནས་བརྟག་དཔྱད་སྨན་བཅོས་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་ནད་རྟགས་ཡོད་པའི་ནད་པ་ཚ་རྒྱག་སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་བར་སྣེ་ཁྲིད་བྱེད་པ། གལ་ཏེ་དོགས་ཡོད་ནད་པ་ཡོད་ན་མྱུར་དུ་ཡར་ཞུ་བྱས་ནས། དོགས་ཡོད་ནད་པ་ཚང་མར་དུས་ཐོག་ཏུ་དབྱེ་འབྱེད་སྨན་བཅོས་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། ཁྱབ་ཁོངས་གཙོ་བོར་དམ་དུ་དམིགས་པ་དང་། རྒྱུན་རྣམ་གྱི་འགོག་བཅོས་དམ་འཛིན་བྱེད་པ། མི་སྣ་འདུ་རུབ་བྱེད་སའི་དོ་དམ་ཚོད་འཛིན་ལ་སྔར་ལས་ཤུགས་སྣོན་པ། སློབ་གྲྭའི་རྒྱུགས་ལེན་བྱེད་སའི་རིམས་ནད་འགོག་བཅོས་བྱ་བར་འཆར་འགོད་བཟང་བོ་བྱེད་པ། འདུ་རུབ་རང་བཞིན་གྱི་བྱ་འགུལ་ལ་ཚོད་འཛིན་བྱས་ཏེ། ཧུར་ཐག་གིས་མཉམ་འགོག་མཉམ་སྡོམ་གྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གཟབ་ནན་གྱི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་གཏན་འཁེལ་བྱས་ནས། ས་ཆ་སོ་སོའི་བཀོད་འདོམས་མ་ལག་གིས་འཕྲལ་བསྟུན་འཁོར་རྒྱུག་གི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། མིག་སྔར་གྱི་བྱ་བའི་ཁྲོད་ཀྱི་འགོག་བཅོས་བྱ་བའི་ཐད་ཀྱི་མི་འདང་སར་ཡང་བསྐྱར་རྟོག་སེལ་བྱེད་པ་དང་འགོག་བཅོས་གཙོ་གནད་ཐད་ནས་ཡང་བསྐྱར་སྲ་བརྟན་དུ་གཏོང་བ། འགོག་བཅོས་བྱེད་ཐབས་ཐད་ནས་ཡང་བསྐྱར་མཐོར་འདེགས་བཏང་སྟེ། གནད་དོན་རྙེད་ཚེ་དུས་ཚོད་དང་པོའི་ནང་ཐག་གཅོད་བཟང་བོ་བྱེད་པ་དང་ཚོད་འགོག་གནད་ལ་འཁེལ་བ་བྱེད་པ། ཕན་ཡོད་སྐྱོབ་བཅོས་བྱེད་པར་ཁག་ཐེག་བྱེད་དགོས། ལྟ་ཞིབ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ་དང་། དུས་ཐོག་ཏུ་གནད་དོན་འཚོལ་བ། དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་པ། འགོག་བཅོས་བྱེད་ཚད་མི་འདང་བ་དང་ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་ཡོད་པའི་སྡེ་ཁག་དང་མི་སྒེར་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱེད་པ་དང་། རིམས་ནད་འགོག་བཅོས་དམ་འཛིན་བྱེད་པའི་ཞོར་དུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་བསྡུས་པ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་ལ། གྲོང་ཁྱེར་དང་རྫོང་སོ་སོའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ། བཀོད་འདོམས་དཔོན་པོ་གཞོན་པ། ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་ཡན་ལག་ཚོགས་ར་ནས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།