མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བདུན་པ་བསྡུས།
2021.05.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

ཉེ་ལམ།  མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ཉེར་བདུན་པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་ངམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པའམ་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་ཞིབ་ཕྲའི་བཀོད་སྒྲིག་གནང་བ་རེད།

གྲོས་ཚོགས་སྟེང་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་པ་དང་གྲོས་ཚོགས་ཆེ་གྲས་སྣ་ཚོགས་ཀྱི་བྱེད་སྒོ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བས་དཀའ་ཚེགས་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་བའི་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་དང་ཉེན་ཁའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་ཐོག་མཐའ་བར་གསུམ་དུ་དམ་པོར་འཛིན་པ་བཅས་བྱས་ཏེ་ལྷོད་གཡེང་གི་བསམ་ཚུལ་དང་། དམག་འཐབ་ལ་སུན་སྣང་གི་བསམ་ཚུལ། སྟེས་དབང་གི་བསམ་ཚུལ། ལྷོད་གཡེང་གི་བསམ་ཚུལ་བཅས་ཁྱད་གསོད་བྱེད་པ་དང་། མཐའ་གཅིག་ཏུ་རིམས་ནད་སྔོནའགོག་ཚོད་འཛིན་གྱི་གྲུབ་འབྲས་བརྟན་སྲུང་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ནན་མོ་བྱེད་དགོས། རིམས་ནད་འགོག་ཁབ་རྒྱག་པ་ཇེ་མགྱོགས་སུ་བཏང་ནས་མི་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་གང་མགྱོགས་ཀྱིས་ཆགས་པར་བྱེད་དགོས། ཕྱི་ནས་ནང་དུ་མཆེད་པར་སྔོན་འགོག་དང་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ་མདུན་གྱི་འགག་སྒོ་ལེགས་པོར་སྲུང་བ་དང་། མི་དང་དངོས་ཟོག་མཉམ་འགོག་བྱེད་པའི་འགོག་རགས་གཉིས་ནན་སྲུང་བྱེད་པ། འཁྱགས་ཉར་ཟས་རིགས་དང་འཁྱག་ཉར་ཟས་རིགས་མིན་པའི་དངོས་རྫས་ཁུངས་འདེད་ཀྱི་ཆ་འཕྲིན་ཅན་གྱི་མ་ལག་འཐུས་ཚང་དུ་བཏང་ནས། ནད་དུག་དེ་དངོས་ཟོག་ནས་མི་ལ་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྨན་བཅོས་སྒྲིག་གཞིར་དོ་དམ་ནན་མོ་བྱེད་པ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་དམ་གྱིས་དམིགས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིས་ངེས་པར་དུ་ཐོག་མར་སྨན་བཅོས་བྱེད་པའི་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་ནས་སྔོན་ལ་བརྟག་དཔྱད་དང་ཁག་བགོས་སྨན་བཅོས་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གསར་པ་ཡོད་པའི་ནད་པ་ཚ་རྒྱས་སྒོ་བསྟེན་སྨན་ཁང་(ནད་བརྟག་ཁང)དུ་འཁྲིད་དགོས་པ་ལས། དོགས་གཞི་ཡོད་པའི་ནད་པར་རྒྱུན་གཏན་གྱི་སྨན་བཅོས་མི་བྱེད་པ་དང་། གལ་ཏེ་དོགས་གཞི་ཡོད་པའི་ནད་པ་ཡོད་ཚེ་མྱུར་དུ་སྙན་སེང་ཞུས་ནས། དོགས་གཞི་ཡོད་པའི་ནད་པ་ཚང་མར་དུས་ཐོག་ཏུ་ནད་དཔེ་དཔྱད་འཇོག་ཐུབ་པར་ཁག་ཐེག་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ལ་དམིགས་སུ་བཟུང་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱས་ཏེ་མི་སྣ་འདུ་འཛོམས་ཆེ་སའི་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་དང་། སློབ་གྲྭའི་རྒྱུགས་སྤྲོད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཇུས་འགོད་ཞིབ་ཚགས་སུ་གཏོང་བ། གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་ཚོད་འཛིན་ནན་མོ་བཅས་བྱས་ཏེ་ཧུར་ཐག་གིས་མང་ཚོགས་ཀྱིས་འགོག་བཅོས་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ནན་གྱིས་ཤུགས་སྣོན་དང་། ཐོག་མཐའ་བར་གསུམ་དུ“གཟབ་ནན”ཞེས་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་བཏང་ནས། ས་གནས་ཁག་གི་བཀོད་འདོམས་མ་ལག་དེ་འཕྲལ་བསྟུན་འཁོར་སྐྱོད་ཀྱི་རྣམ་པར་གནས་བར་བྱེད་དགོས། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་བཏང་ནས་མིག་སྔའི་ལས་དོན་ཁྲོད་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཞན་ཆར་སླར་ཡང་གྲལ་བཤེར་དང་། གཙོ་གནད་འགོག་བཅོས་སླར་ཡང་ཇེ་བརྟན་དུ་གཏོང་བ། སྔོན་འགོག་ཚོད་འཛིན་བྱེད་ཐབས་སླར་ཡང་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་གནད་དོན་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་ཐག་གཅོད་བྱེད་པ་དང་། གནད་སྨིན་དོ་དམ་དང་ཚོད་འཛིན། ནུས་པ་ལྡན་པའི་སྨན་བཅོས་བྱ་རྒྱུ་བཅས་ལ་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཐོག་ཏུ་གནད་དོན་རྟོགས་པ། དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་པའི་འགན་དཀྲི་རྒྱུ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤེལ་བའི་སྡེ་ཁག་དང་མི་སྒེར་གྱི་འགན་འཁྲིར་རྩད་གཅོད་ནན་མོ་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཟང་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བཟང་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་བཟང་པོ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་བརྙན་ལམ་རྣམ་པས་འཚོགས་ཤིང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་མིའི་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོར་ཞུགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)ཁག་གི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པུའུ་ཀྲང་དང་། བཀོད་འདོམས་པུའུ་ཀྲང་གཞོན་པ། ཁོངས་མིའི་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཡན་ལག་ཚོགས་རར་ཞུགས་ཡོད། །

རྩོམ་སྒྲིག་པ། འབྲུག་མོ།