ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སི་རི་ཡ་ལ་རོགས་སྐྱོར་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཚེས་ཉེར་དགུ་ཉིན་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀུ་རུ་འབྱོར་བ་དང་། ཀྲུང་གོའི་སི་རི་ཡ་རུ་རྒྱུན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ཀྲུང་གོ་ཕྱོགས་ཀྱི་ཚབ་བྱས་ཏེ་སི་རི་ཡའི་འཕྲོད་བསྟེན་པུའུ་ལ་སྐོར་འདིའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་སྤྲད།
སི་རི་ཡའི་འཕྲོད་བསྟེན་པུའུ་ཀྲང་ཧ་སངས་ཅ་པ་ཧྲིན་གྱིས་འགོག་སྨན་སྤྲོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཁྱབ་ཁོངས་སོ་སོ་དང་ལྷག་པར་དུ་འཕྲོད་བསྟེན་ཁྱབ་ཁོངས་ནས་སི་རི་ཡ་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་བྱས་ཏེ་སི་རི་ཡའི་རིམས་འགོག་ཐད་བྱས་རྗེས་གལ་ཆེན་བཞག ཀྲུང་གོའི་འགོག་སྨན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁས་ལེན་ཐོབ་ཡོད་པར་མ་ཟད། དེའི་ནུས་ལྡན་རང་བཞིན་ལ་ཀྲུང་གོ་དང་ཀྲུང་གོའི་འགོག་སྨན་བརྒྱབ་པའི་རྒྱལ་ཁབ་ཚང་མས་ར་སྤྲོད་ཐོབ་ཡོད། ཁོས་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡར་འགོག་སྨན་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།
ཀྲུང་གོའི་སི་རི་ཡ་རུ་རྒྱུན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཧྥིན་པེའོ་ཡིས་བཤད་རྒྱུར། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སི་རི་ཡར་པྲོག་གསར་གློ་ཚད་འགོག་སྨན་གྱི་རོགས་སྐྱོར་བྱས་པ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་སྤུན་ཟླའི་བརྩེ་བ་གང་ལེགས་ཀྱིས་མཚོན་པར་བྱས་པ་ཡིན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་ཐད་མཉམ་ལས་གཏིང་ཟབ་ཏུ་སྤེལ ། མིག་སྔར། པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པ་དང་། གཤིས་འགྱུར་ནད་དུག་མང་པོ་འབྱུང་བཞིན་ཡོད་པས། རྡོག་རྩ་གཅིག་སྒྲིལ་གྱིས་རིམས་འགོག་བྱེད་རྒྱུ་དེ་འཛམ་གླིང་ཡོངས་ཀྱི་འགན་འཁྲི་གཙོ་བོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་སོ་སོས་ནད་དུག་གི་འབྱུང་རྩ་རྩད་གཅོད་པའི་བྱ་བའི་ཁྲོད་ཚན་རིག་གི་རྩ་དོན་བརྩི་སྲུང་བྱས་ནས། གནད་དོན་དེ་ཆབ་སྲིད་ཅན་དུ་འགྱུར་བར་མཉམ་དུ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།