ཁོང་ཡུང་གིས་ས་ཚིགས་གཉིས་དང་ཐང་གཅིག་གི་རིམས་ནད་འགོག་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2021.08.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་བཞི་མིན་གཉིས་དྲང་གི་རྣམ་པ་སྤྱད་དེ་ཟི་ལིང་མེ་འཁོར་ས་ཚིགས་དང་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས། ཚའོ་ཅ་པའོ་གནམ་གྲུ་ཐང་བཅས་ལ་སོང་ནས་ཡུལ་དངོས་ནས་ས་ཚིགས་གཉིས་དང་ཐང་གཅིག་གི་རིམས་ནད་འགོག་བཅོས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོང་ཡུང་གིས་རིམས་ནད་ཞིབ་བཤེར་བྱེད་ས་སོ་སོ་དང་ལྟ་ཞིབ་ས་ཚིགས་ཀྱི་བྱ་བའི་རྒྱུད་རིམ་དང་མི་སྣ་བཀོད་སྒྲིག འགོག་བཅོས་དངོས་ཟོག ཁོར་ཡུག་དུག་སེལ། གད་སྙིགས་ཐག་གཅོད་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ལས་བྱེད་མི་སྣ་ཚོས་རང་སྟེང་གི་འགོག་སྲུང་བཟང་བོ་བྱེད་རྒྱུའི་མངག་བཅོལ་བྱས་པ་དང་། འགན་ཁུར་བློ་མཐུན་གྱིས་སྐྱོན་ཆ་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུའི་རེ་བ་བཏོན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར་རིམས་ནད་ཀྱི་གནས་བབ་རྙོག་འཛིང་ཆེ་བ་དང་། འགོག་བཅོས་བྱ་བའི་ཐད་ནས་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་། ས་ཚིགས་གཉིས་དང་ཐང་གཅིག་དེ་འགྲིམ་འགྲུལ་ལྟེ་གནས་ཡིན་པའི་ཆ་ནས། མི་སྣ་འདུ་ཚད་ཆེ་བ་དང་གནས་ཚུལ་རྙོག་འཛིང་ཆེ་ལ། རིམས་ནད་འགོག་བཅོས་ཀྱི་ལས་འགན་ཧ་ཅང་ལྕི། འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱེད་པ་དང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་བྱེད་པ་དང་། མི་དང་དངོས་ཟོག ཁོར་ཡུག་བཅས་ཐད་ནས་མཉམ་དུ་འགོག་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས། བྱ་བའི་ཆེད་བསྐོས་སྟོབས་ཤུགས་ལ་ཤུགས་སྣོན་པ་དང་། འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དྲོད་འཇལ་ཞིབ་བཤེར་ལག་བསྟར་བྱེད་པ། མི་སྣའི་ཆ་འཕྲིན་དང་ཕྱིར་བགྲོད་འགུལ་རྣམ་ལ་རྒྱུས་ལོན་ཡང་དག་བྱས་ནས། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣར་དོ་དམ་ཚོད་འཛིན་ནན་མོ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ཐད་ནས་ཞབས་འདེགས་བཟང་བོ་ཞུ་བ་དང་། ས་ཚིགས་གཉིས་དང་ཐང་གཅིག་གི་ལས་བྱེད་མི་སྣ་དང་མང་ཚོགས་ལ་དུས་ཐོག་ཏུ་བརྟག་དཔྱད་བྱེད་པར་འགན་སྲུང་བྱེད་དགོས། གནད་འགག་ལས་རྐང་དང་ལས་བྱེད་མི་སྣའི་རིམས་ནད་འགོག་བཅོས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། མི་སྣ་བར་གྱི་བར་ཐག་རྒྱུན་འཁྱོངས་བྱེད་པར་སྣེ་ཁྲིད་བྱས་ཏེ། མང་ཚོགས་རང་སྟེང་གི་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། གད་སྙིགས་ཐག་གཅོད་བརྒྱུད་སྐྱེལ་རྒྱུད་རིམ་ཚད་དང་ལྡན་པར་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་བྱ་བ་བཟང་བོ་བསྒྲུབ་པ་དང་། བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་ནས། འགན་འཁྲི་ལག་བསྟར་བྱེད་དགོས། རིམས་ནད་རང་ཞིང་དུ་མཆེད་པའི་འགོག་ཐིག་བརྟན་སྲུང་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།