རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་བྱེད་ཆེད། མཉམ་འབྲེལ་འགོག་བཅོས་ཚོད་འཛིན་རྐྱེན་སྲོལ་འོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་སྨན་བཅོས་རུ་ཁག་འགའ་ཝུའུ་ཧན་དུ་འགྲོ་བར་གྲ་སྒྲིག་བྱེད་པ་དང་། ས་ཁུལ་སོ་སོས་བྲེལ་མྱུར་ངང་མྱུར་མཁོའི་དངོས་རྫས་དག་ཝུའུ་ཧན་དུ་སྐྱེལ་འདྲེན་བྱེད་བཞིན་ཡོད་ལ། ཤུགས་ཆེན་པོས་རིམས་ནད་འགོག་བཅོས་ཁྲོད་ཞུགས་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་བར། རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉེར་དགུ་རུ་རིམ་བསགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ་བརྒྱད་བརྒྱ་དང་སུམ་ཅུ་ཡོད་ཅིང་། དེའི་ནང་ནད་པ་བརྒྱ་དང་དོན་བདུན་གྱི་གནས་ཚུལ་ཚབས་ཆེན་ཡིན་པ་དང་། ནད་པ་ཉེར་ལྔ་རྐྱེན་ལམ་དུ་ཤོར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་རིམ་བསགས་སྙན་ཞུ་བྱས་པའི་དོགས་ཡོད་ནད་པ་སྟོང་གཅིག་དང་དོན་གཉིས་ཡོད་པ་དང་། གསོ་རིག་བརྟག་དཔྱད་བྱས་ཏེ་མི་སྟོང་གཅིག་དང་གྱ་བདུན་ལ་རིམས་ནད་ཕོག་མེད་པ་བདེན་དཔང་བྱས། མི་སྟོང་བརྒྱད་དང་བཞི་བརྒྱ་ཉི་ཤུར་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད།
མིག་སྔར། ཧྲང་ཧེ་དང་ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་སྨན་བཅོས་རུ་ཁག་དྲུག་གིས་བཀའ་ལ་སྒུག་ཡོད་པ་དང་། དུས་ངེས་མེད་དུ་ཝུའུ་ཧན་དུ་སོང་ནས་ས་དེའི་སྨན་པ་དང་མཉམ་དུ་འབད་འཐབ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་པར་གྲ་སྒྲིག་བྱས་ཡོད། ནོར་སྲིད་པུའུ་ཡིས་སྒོར་དུང་ཕྱུར་བཅུ་བཏང་སྟེ་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་ཁ་གསབ་མ་དངུལ་བྱིན། ཚན་རྩལ་པུའུ་ཡིས་ཀྲུང་ནན་ཧྲན་ཡོན་ཧྲི་ཚན་གཙོ་ཡིན་པའི་ཚན་རིག་ཞིབ་འཇུག་གི་ཆེད་མཁས་ཚན་ཆུང་རྩ་འཛུགས་བྱས་ཏེ་ཡུལ་དངོས་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་གཞོགས་འདེགས་བྱས། བཟོ་ལས་དང་བརྡ་འཕྲིན་པུའུ་ཡིས་ཀྲུང་དབྱང་སྨན་རྫས་གསོག་འཇོག་ལས་འགོག་སྲུང་ལྭ་བ་ཁྲི་གཅིག་དང་སྟོང་བཞི་བཀོད་སྒྲིག་བྱས་པར་མ་ཟད། ལག་ཤུབས་འབུམ་གཅིག་དང་ཁྲི་གཅིག་ཉོས་ནས་བཀོད་སྒྲིག་བྱས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།