མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་གང་ལེགས་སྒོས་སྤེལ་ཏེ་ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་ཕན་ཚུན་འགོ་བར་བཀག་འགོག་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་གཏན་འཁེལ་གཞིར་བཟུང་སྟེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་འགོག་བཅོས་ཚོད་འཛིན་གང་ལེགས་བྱེད་པའི་བྱ་བའི་བརྡ་ཁྱབ་སྤེལ། བརྡ་ཁྱབ་གཤམ་གསལ་ལྟར།
གཅིག་ནས་ཕྱོགས་ཡོངས་ནས་མི་མངོན་པའི་ཉེན་ཁའི་རྒྱུ་རྐྱེན་སེལ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་སྙན་ཞུ་བྱེད་པ། སྔ་མོ་ནས་ཁ་ཁར་བྱེད་པ། སྔ་མོ་ནས་གསོ་བཅོས་བྱེད་པ་བཅས་ཀྱི་སྤྱིའི་རེ་བ་ལག་བསྟར་ནན་མོ་བྱས་ཤིང་། དུས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། མཚོ་སྔོན་དུ་ཡོང་བའི་མི་སྣ་དང་ཝུའུ་ཧན་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་གཙོར་བཟུང་སྟེ། ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་རིམས་ནད་ཞིབ་བཤེར་གྱི་ཚོར་སྐྱེན་ཚད་ཇེ་མཐོར་གཏོང་བ་དང་། རིམས་ནད་ཀྱི་གནས་ཚུལ་ལ་རྩད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་དོགས་ཡོད་ནད་པ་གཅིག་ཀྱང་བསྐྱུར་མི་རུང་། དོགས་ཡོད་ནད་པ་རྙེད་ན། ཁྲིམས་སྲོལ་གཞིར་བཟུང་སྟེ་ཚན་རིག་དང་མཐུན་པའི་གསོ་བཅོས་བྱེད་ཐབས་སྤྱོད་པ་དང་བྱ་བ་སྙན་ཞུ་བྱས་ནས། སྨན་བཅོས་ལས་ཁུངས་ནང་གི་འགོ་ཚད་ཚོད་འཛིན་དང་སྨན་བཅོས་མི་སྣ་མི་སྒེར་གྱི་འགོག་སྲུང་བྱ་བར་ཤུགས་སྣོན་དགོས།
གཉིས་ནས་མང་ཚོགས་ཀྱི་རང་ཉིད་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཉེ་སྔོན་ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་དུ་སོང་མྱོང་བའམ་བརྒྱུད་མྱོང་བའི་མཚོ་སྔོན་གྱི་མི་སྣ་ཚང་མས་རང་འགུལ་སྒོས་སྡོད་ཁུལ་དང་སྡེ་བར་ཐོ་འགོད་བྱས་ཏེ། ལུས་ཀྱི་དྲོད་ཚད་ཞིབ་བཤེར་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། དུས་རྒྱུན་ལག་པ་འཁྲུ་བ་དང་ཁང་བའི་ནང་རླུང་རྒྱུ་རུ་འཇུག་པ། གང་ནུས་ཀྱིས་མི་མང་བོ་འདུས་སར་མི་འགྲོ་བ། དགོས་མེད་དུ་ཝུའུ་ཧན་དུ་འགྲོ་བའམ་གནས་སྐོར་དང་ཚོང་ལས་གཉེར་བའི་ཆེད་དུ་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། འཆལ་གཏམ་མི་སྒྲོག་པ་དང་དེར་ཡིད་མི་ཆེས་པར་རྒྱུན་ལྡན་གྱི་འཚོ་བའི་སྒྲིག་ལམ་སྲུང་འཛིན་བྱས་ཏེ་མཉམ་དུ་སྤྱི་ཚོགས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
གསུམ་ནས་ཚོགས་ར་གཙོ་བོའི་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱེད་དགོས། ས་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་རིམ་པ་སོ་སོ་དང་རིགས་སོ་སོའི་འཕྲོད་བསྟེན་བདེ་ཐང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། སྒོ་ཁྲལ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་སྡེ་ཁག་གིས་མཐུན་སྦྱོར་གང་ལེགས་བྱས་ཤིང་། བྱེད་ཐབས་སྤྱད་དེ་འདྲིལ་ཤུགས་ཆགས་པར་བྱས་ཏེ། གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས་སོགས་ཀྱི་གཙང་དག་དང་དུག་སེལ། འགྲོ་འོང་མི་ཚོགས་ཀྱི་རིམས་ནད་ཞིབ་བཤེར་ལ་ཤུགས་སྣོན་བྱས་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་དེ་འགྲིམ་འགྲུལ་ཡོ་བྱད་བརྒྱུད་དེ་ཕན་ཚུན་འགོ་བར་སྔོན་འགོག་བྱེད་དགོས། བརྡ་ཁྱབ་འདི་བཏང་བའི་ཉིན་ནས་བཟུང་། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་གང་ནུས་ཀྱིས་མི་མང་བོ་མཉམ་འདུས་ཀྱི་བྱ་འགུལ་མི་སྤེལ་བ་དང་། མང་ཚོགས་རང་འགུལ་སྐྱོད་སྤེལ་བའི་མི་མང་བོ་འདུས་པའི་བྱ་འགུལ་མི་སྤེལ་བར་སྣེ་ཁྲིད་བྱེད་དགོས།
བཞི་ནས་བརྡ་འཕྲིན་ཁྱབ་སྒྲོག་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། བརྡ་འཕྲིན་ཁྱབ་སྒྲོག་བྱ་བར་ཤུགས་སྣོན་དང་། བརྡ་འཕྲིན་རྒྱུ་ལམ་ཡངས་པོར་ཕྱེས་པ། བརྡ་འཕྲིན་མཉམ་སྤྱོད་མངོན་འགྱུར་བྱེད་པ། རིམས་ནད་ཀྱི་གནས་ཚུལ་ཉིན་རེ་བཞིན་སྙན་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་ཀྱི་གནས་ཚུལ་གསང་རྒྱ་བྱེད་པའི་སྣང་ཚུལ་གཏན་འགོག་བྱེད་དགོས། བརྡ་འཕྲིན་ཡོངས་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་བྱ་བར་མཐོང་ཆེན་བྱེད་པ་དང་། བརྡ་འཕྲིན་ཁྱབ་སྒྲོག་ཇུས་གཞི་གཏན་འབེབས་བྱེད་པ། རང་འགུལ་སྒོས་གླེང་ཕྱོགས་གནས་ཚུལ་འཚོལ་སྡུད་དང་བརྡ་གཅོད། སྙན་ཞུ་བཅས་བྱས་ཤིང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བདེ་ཐང་གསལ་སྟོན་སོགས་ཚན་རིག་ཁྱབ་གདལ་ཤེས་བྱ་བསྒྲགས་ཏེ། རང་འགུལ་སྒོས་སྨྱན་བྱད་བར་འབྲེལ་འདྲིས་དང་མང་ཚོགས་བར་འབྲེལ་འདྲིས་བྱེད་དགོས།
ལྔ་ནས་དངོས་ཟོང་འགན་སྲུང་དང་འཕྲལ་སྒྲུབ་ལས་རེས་ལ་ཤུགས་སྣོན་དགོས། ཐབས་ལམ་མང་བོ་བརྒྱུད་དེ་མྱུར་མཁོའི་དངོས་རྫས་དང་རིམས་ནད་འགོག་སྲུང་ཡོ་བྱད། འཕྲལ་སྒྲུབ་མཁོ་དངོས་བཅས་ཀྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ཏེ། འཕྲལ་སྒྲུབ་མཁོ་དངོས་གསོག་ཉར་གང་ལེགས་བྱེད་པ་དང་དུས་ལྟར་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ལས་རེས་བྱ་བར་ཤུགས་སྣོན་བྱས་ཏེ། དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། དུས་ཆེན་སྐབས་སུ་ལས་རེས་བྱེད་པའི་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། ལས་རེས་མི་སྣས་ལས་གནས་གཏན་སྲུང་དང་དུས་ལྟར་སྙན་ཞུ་བྱེད་པར་འགན་སྲུང་བྱས་པར་མ་ཟད། སྟོབས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབས་ནས། འགན་འཁྲི་མཉམ་ཁུར་དང་དམ་འཛིན་དོ་དམ་མཉམ་འཛིན་གྱི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།