ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་སྤྲིངས་བའི་རིམས་ནད་ཟློག་སེལ་སྐོར་གྱི་འཕྲིན།
2020.01.27 ཁུངས། ཀློག་གྲངས། 680

ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ།

ཐོག་མར་ཁྱེད་རྣམ་པར་ལོ་སར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

ལོ་གསར་ཚེས་མགོར་རང་རྒྱལ་གྱི་ས་ཆ་མང་པོར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་མཆེད་པའི་གནས་ཚུལ་བྱུང་བ་དང་། རང་རེའི་ཞིང་ཆེན་དུའང་ནད་ངོས་ཟིན་པའི་ནད་པ་བྱུང་། རིམས་ནད་གནས་ཚུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ལོ་གསར་ཚེས་གཅིག་གི་ཉིན་མོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་བསྡུས་ཤིང་དེར་གཙོ་སྐྱོང་གནང་སྟེ་ཆེད་དུ་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་དང་། གཏམ་བཤད་གལ་ཆེན་གནང་བར་ཙུང་ལི་ལི་ཁེ་ཆང་གིས་བཀའ་མཆན་བཀོད་གནང་མཛད། ལོ་སར་གྱི་སྔ་གཞུག་ཏུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནས་ཆེད་དོན་གྲོས་ཚོགས་རབ་དང་རིམ་པ་འཚོགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་ཀྱི་བྱ་བ་སོ་སོ་བཀོད་སྒྲིག་བྱས་ཏེ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དང་ལེན་ལམ་སྲོལ་རིམ་པ་དང་པོའི་མགོ་བརྩམས་ཤིང་། རིམས་ནད་འགོག་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་བཙུགས། ད་སྔ་རང་རེའི་ཞིང་ཆེན་ནི་ཕྱོགས་ཡོངས་ནས་རིམས་ནད་འགོག་རྒོལ་བྱེད་པའི་འཚུབ་ཟློག་རྣམ་པར་གནས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་འགོག་འཛིན་བཅོས་གསུམ་གྱི་བྱ་བའི་བཀོད་སྒྲིག་དང་བླང་བྱ་ལྟར། སྟོབས་ཤུགས་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་རིམས་ནད་འགོག་འཛིན་བཅོས་གསུམ་གྱི་བྱ་བ་སྒྲུབ་ཀྱིན་པའི་སྒང་ཡིན།

རིམས་ནད་གློ་བུར་དུ་བྱུང་བའི་རྐྱེན་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ལོ་སར་དང་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་མ་ཟད། ཚེ་སྲོག་གི་བདེ་འཇགས་དང་ལུས་སེམས་ཀྱི་བདེ་ཐང་ལ་ལྷག་ཏུ་གེགས་རྐྱེན་ཆེན་པོ་བཟོས་པ་རེད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་ངེས་པར་སེམས་རྣལ་དུ་ཕབ་པ་དང་། ངེས་པར་འཇིགས་སྐྲག་མེད་པ། ངེས་པར་མཐུན་སྒྲིལ་མཉམ་ལས་བྱེད་པ། ངེས་པར་ཡིད་ཆེས་བརྟན་པོ་འཆང་བ་བཅས་བྱས་ཏེ། ལམ་སེང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་མཛུབ་སྟོན་ལྟར་དུ་རང་སྟེང་ནས་མགོ་བརྩམས་ཏེ་རིམས་ནད་སྔོན་འགོག་དང་བདེ་ཐང་སྲུང་སྐྱོང་གང་ལེགས་བགྱིད་དགོས། ལོ་སར་གྱི་སྐབས་སུ་གྲོགས་པོ་དང་ཉེ་བོར་འཚམ་འདྲིར་འགྲོ་བ་དང་། མཉམ་དུ་གསོལ་སྟོན་ལ་རོལ་བ། འདུ་ཚོགས་རྒྱག་པ། ཡུལ་སྐོར་ལྗོངས་རྒྱུར་འགྲོ་བ་སོགས་ཇེ་ཉུང་དུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཨུ་དང་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་ནས།  ཚང་མས་མཉམ་དུ་ཚན་རིག་དང་མཐུན་པར་རིམས་ནད་འགོག་བཅོས་དང་ཧུར་ཐག་གིས་ཟློག་སེལ་བགྱིད་པའི་སྤྱི་ཚོགས་ངང་ཚུལ་ལེགས་པོ་བསྐྲུན་ནས། མངོན་ལྐོག་གཉིས་ཀྱི་ཉེན་ཁ་སྣ་ཚོགས་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས།

བློ་སེམས་གཅིག་ཏུ་མཐུན་ན་བརྒལ་མི་ནུས་པའི་རི་བོ་མེད་ལ། དཔུང་ལག་མཉམ་དུ་སྦྲེལ་ན་བཟློག་མི་ནུས་པའི་བར་ཆད་མེད། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་སྟོབས་དང་ལྡན་པའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རང་རྟོགས་སྒོས་འགུལ་སྐྱོད་བྱས་ཏེ། མི་བརྒྱ་སེམས་གཅིག་གིས་ཕྱར་བ་གྲུ་འདེགས་བྱས་ན། རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འཐབ་འདི་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་།

༢༠༢༠ལོའི་ཟླ་༡ཚེས་༢༦ཉིན།