རིམས་ནད་ཕོག་མིན་གཏན་འཁེལ་བྱེད་ཚད་ཇེ་མགྱོགས་སུ་སོང་བ་དང་། སྐར་མ་30ནང་མཇུག་འབྲས་ཐོན་པའི་བརྟག་བཤེར་ཚོད་ལྟའི་སྨན་རྫས་ལ་ཆོག་མཆན་ཐོབ་པ།
སྤྱི་ཚེས28ཉིན། ཧྲེང་ཤང་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་བཤེར་ཚད་ལེན་སྨན་རྫས་ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱི་ཆོག་མཆན་ཐོབ་པ་དང་། སྨན་བཅོས་ཡོ་ཆས་ཀྱི་ཐོ་འགོད་དཔང་ཡིག་ཐོབ་ཡོད། དུས་ཐུང་སྐར་མ30ནང་མཇུག་འབྲས་ཐོན་ཐུབ་པའི་བརྟག་བཤེར་ཚད་ལེན་སྨན་རྫས་དེས་ནད་བརྟག་དཔྱད་ཞིབ་བཤེར་བྱེད་པའི་དུས་ཚོད་ཐུང་དུ་ཤུགས་ཆེན་གཏོང་ཐུབ་པ་དང་། ལྷག་པར་དུ་ཐེངས་འདིའི་རིམས་ནད་ཀྱི་དོགས་ཡོད་ནད་པ་དང་། ནད་རྟགས་མི་མངོན་པ་རྣམས་མགྱོགས་མྱུར་ངང་ལོགས་དབྱེ་ཐུབ་ནས་རིམས་ནད་མུ་མཐུད་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་བཟོས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་རྫས་དེར་RNAལག་རྩལ་སྤྱད་ཡོད་ཅིང་། གནས་ངེས་མེད་དུ་བརྟག་དཔྱད་བྱས་ན་འགྲིག་པ་དང་། བཀོལ་སྤྱོད་བདེ་བ། བརྟག་དཔྱད་ཞིབ་བཤེར་བྱེད་པའི་དུས་ཚོད་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
ཐོན་རྫས་དེ་དང་ཧྲེང་ཤང་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པའི་རང་འགུལ་ཉིང་སྐྱུར་ལེན་ཆས་དང་སྒུལ་བདེའི་ཆ་རྡུལ་ནད་དཔྱད་སྟེགས་བུ་མཉམ་དུ་སྤྱད་ན་ཉིན་གཅིག་ལ་མི་ཆིག་སྟོང་ཡན་ལ་བརྟག་དཔྱད་ཞིབ་བཤེར་བྱེད་ཐུབ་པ་དང་། མགྱོགས་ཤོས་སུ་སྐར་མ་30ནང་བརྟག་དཔྱད་ཞིབ་བཤེར་ཐུབ་ཅིང་། རང་སར་བརྟག་དཔྱད་ཞིབ་བཤེར་གྱི་མཇུག་འབྲས་ཐོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེང་ཤང་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་མྱུར་ཚད་མགྱོགས་ལ། གནད་ལ་འཕིགས་པ། བརྒྱུད་ཚད་མཐོ་བ་བཅས་ཀྱི་ཉིང་སྐྱུར་བརྟག་བཤེར་བྱེད་ཐབས་དེ་སྨན་ཁང་ཁོངས་གཏོགས་སུ་བེད་སྤྱོད་བྱེད་འགོ་ཚུགས་པས། ཐེངས་འདིའི་ཏོག་དབྱིབས་ནད་དུག་སྔོན་འགོག་ཚོད་འཛིན་བྱ་རྒྱུར་སྒོ་ཀུན་ནས་རོགས་འདེགས་ཐུབ་རྒྱུ་ཡིན་པ་རེད།