ལོ་སར་གྱི་གུང་གསེང་མཇུག་རྫོགས་ལ་ཉེ་བའི་དུས་འདིར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་དང་ལས་ཁུངས། སྒེར་ཚོང་གཉེར་མཁན་དང་སློབ་གྲྭ་བཅས་ཀྱིས་ལས་ཀ་དང་ཚོང་ལས། སློབ་ཁྲིད་བཅས་ཀྱི་འགོ་བརྩམ་པར་གོ་རིམ་ལྡན་པའི་རྩ་འཛུགས་བྱ་དགོས་པར་མ་ཟད། བདེ་ཐང་གི་འགོག་སྲུང་བཟང་པོ་བྱ་དགོས་ལ། འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ས་ཁུལ་གྱི་རིམས་ནད་གནས་ཚུལ་གཞིར་བཟུང་ནས་ལས་དོན་དེ་དག་འགོ་རྩོམ་པའི་ཆ་རྐྱེན་གཏན་འབེབས་བྱ་དགོས། མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་ཚང་མས་རང་ཁྱིམ་ནས་ལོགས་སུ་འདུག་པ་དང་སྨན་བཅོས་ལྟ་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། ལས་ཀ་དང་ཚོང་ལས། སློབ་ཁྲིད་བཅས་ཀྱི་འགོ་བརྩམ་པ་གོ་རིམ་ལྡན་ཞིང་བདེ་འཇགས་ཡིན་པར་ཁག་ཐེག་བྱ་དགོས། འདིར་རང་ཞིང་གི་འབྲེལ་ཡོད་ཁེ་ལས་དང་སྒེར་ཚོང་གཉེར་མཁན་གྱི་ལས་ཀ་དང་ཚོང་ལས་ཀྱི་འགོ་བརྩམ་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་སློབ་གྲྭ་ཚོགས་འགོ་བརྩམ་པར་མི་ཆོག་པ་དྲུག་གི་བརྡ་བཏང་བ་གཤམ་གསལ་ལྟར།
གཅིག རི་སྐྱེས་སྲོག་ཆགས་ཀྱི་ཉོ་འཚོང་བྱ་འགུལ་ཡོད་ཚད་གཏན་འགོག་བྱ་དགོས། རང་ཞིང་གིས་རིམ་པ་དང་པོའི་ཁ་གཏད་འཇལ་ཐབས་སྤྱོད་པའི་སྐབས་སུ། ཞིང་ཆེན་ནང་ཁུལ་གྱི་མེ་ཏོག་འདབས་ཆགས་ཉ་འབུའི་ཁྲོམ་ར་དང་། གཅེས་དངོས་ཚོང་ཁང་། བཟའ་བཏུང་ཁང་ཆེ་འབྲིང་། ལུས་འཁྲུད་ལྟེ་གནས། སྤྱི་པའི་ཁྲུས་ཁང་། ཆུ་རྐྱལ་ཁང་། ཕྱི་སྒོ་ཅན་གྱི་ལུས་རྩལ་ཁང་དང་ལུས་རྩལ་ར་བ། ད་དུང་ཇ་ཁང་དང་ཆང་ཁང་། དྲ་ཁང་། གློག་བརྙན་ཁང་། སྟེགས་སྒང་རྩེད་ཁང་། འགྱིག་ཤོ་ཁང་། བརྙན་འཆར་རྩེད་ཆས་ཁང་། གླུ་ལེན་ཁང་སོགས་མི་ཚོགས་འདུ་འཛོམས་བྱེད་ས་ཚང་མས་ལས་གཉེར་བྱ་མི་ཆོག
གཉིས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་སྣ་དང་། གྲོན་དངུལ། དངོས་རྫས་བཅས་དོན་འཁྱོལ་བྱས་མེད་པ་དང་། ནང་ཁུལ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལམ་ལུགས་ཇུས་གཞི་འཐུས་ཚང་མིན་པ། ལས་བཟོ་པའི་བདེ་ཐང་འགོག་སྲུང་སོགས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པའི་ཁེ་ལས་ཚང་མས་ལས་ཀ་ལས་འགོ་བརྩམ་མི་ཆོག
གསུམ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་དང་། གསོ་སྦྱོང་ལས་ཁུངས་ཁག་གིས་ཞིང་ཆེན་སློབ་གསོ་སྲིད་འཛིན་གཙོ་གཉེར་སྡེ་་ཁག་གིས་སློབ་གྲྭ་ཚོགས་འགོ་རྩོམ་པའི་དུས་ཚོད་ཐག་གཅོད་གསལ་བོ་མ་བྱས་པའི་སྔོན་ལ། སློབ་ཁྲིད་ཁ་གསབ་དང་དོགས་འདྲིར་ལན་འདེབས། ཟུར་ཁྲིད་སོགས་ཡུལ་དངོས་འདུ་འཛོམས་རང་བཞིན་གྱི་སློབ་ཁྲིད་བྱ་འགུལ་སྣ་ཚོགས་སྤེལ་མི་ཆོག་པ་དང་རང་དགར་སློབ་ཁྲིད་བྱེད་འགོ་བརྩམ་མི་ཆོག
བཞི། ཉེན་སེལ་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་ཡོངས་སུ་སེལ་མེད་པ་དང་། གཏན་ཁེལ་ལྟར་ཉེན་སེལ་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་རེ་ཞུ་དང་ལེན་འགྲོ་ལུགས་ལག་བསྟར་བྱས་མེད་པའི་ཁེ་ལས་དང་གཏན་ཁེལ་ལྟར་དུག་སེལ་སོགས་ཀྱི་བྱེད་ཐབས་སྤྱད་མེད་པ། ད་དུང་མཁའ་དབུགས་རྒྱུ་དཀའ་བའི་ས་འོག་ཁྲོམ་ར་སོགས་ཐོན་སྐྱེད་ཚོང་གཉེར་བྱེད་ས་ཚང་མས་ལས་ཀ་ལས་འགོ་དང་ཚོང་གཉེར་འགོ་བརྩམ་མི་ཆོག
ལྔ། ལས་བཟོ་པའི་བདེ་ཐང་གནས་ཚུལ་དང་ནད་ཡམས་དུས་སྐབས་ཀྱི་འགྲོ་འདུག་སོགས་གཞི་རྩའི་ཆ་འཕྲིན་རྩད་གཅོད་ཐོ་འགོད་བྱས་པ་ཁ་མི་ཚང་བ་དང་། གཏན་ཁེལ་ལྟར་མི་སྣའི་ཆ་འཕྲིན་ཐོ་འགོད་ཡར་ཞུ་བྱས་མེད་པ། ད་དུང་ལས་ཞུགས་སྔོན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཤེས་བྱའི་གསོ་སྦྱོང་མ་སྤེལ་བ་ཚང་མས་ལས་ཀ་ལས་འགོ་དང་ཚོང་གཉེར་འགོ་བརྩམ་མི་ཆོག
དྲུག བླང་བྱ་ལྟར་རང་ཡོད་སའི་ཁེ་ལས་དང་ལས་ཁུངས། ཚོང་གཉེར་ཡུལ་བཅས་ཀྱི་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལོག་མཁན་དག་ཁྱིམ་ནས་ལོགས་སུ་བཀར་ཏེ་ཉིན་བཅུ་བཞིའི་རིང་སྨན་བཅོས་ལྟ་ཞིབ་བྱེད་པའི་བྱེད་ཐབས་ལག་བསྟར་མ་བྱས་པའི་ཁེ་ལས་དང་སྒེར་ཚོང་གཉེར་མཁན། ལས་ཁུངས་ཚང་མས་ལས་ཀ་དང་ཚོང་ལས། སློབ་ཁྲིད་བཅས་ཀྱི་འགོ་བརྩམ་མི་ཆོག
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།
ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པའི་ཚེས་གཉིས་ཉིན།