དེང་སྐབས། ཞིང་ཆེན་ཡོངས་སུ་གུང་གསེང་གི་དུས་ཚོད་ལོངས་ནས་ལས་གནས་སྟེང་ལོག་པ་དང་ལས་ཀ་བསྐྱར་ལས་ཀྱི་འགོ་རྩོམ་པའི་དུས་གཙོ་བོ་ཡིན་པས། མི་སྣ་འཁོར་རྒྱུག་གི་ཚད་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ། བྱ་བ་བཅས་ཀྱི་སྒྲིག་ལམ་མྱུར་དུ་སླར་གསོ་བྱེད་པ་དང་། མི་སྣའི་འཁོར་རྒྱུག་ལ་བརྟེན་ནས་རིམས་ནད་མཆེད་པར་བཀག་འགོག་བྱེད་པ། རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱེད་སྐབས་མི་སྣ་གོ་རིམ་ལྡན་པར་འཁོར་རྒྱུག་དང་གཞུང་ལམ་བདེ་འཇགས་གེགས་མེད་ཡོང་བར་དངོས་སུ་འགན་སྲུང་བྱེད་ཆེད། གཤམ་གྱི་བརྡ་འདི་བཏང་བ་ཡིན།
གཅིག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་བསམ་ཇུས་གཅིག་ཏུ་འཛིན་པའི་བསམ་བློ་བརྟན་པོར་བཅངས་ནས། ས་ཁུལ་དང་སྡེ་ཁག ལས་རིགས་བཅས་ཀྱི་བར་ཁྱད་ལས་སེལ་བ་དང་། གཅིག་གྱུར་གྱིས་འགོ་ཁྲིད་དང་གཅིག་གྱུར་གྱིས་བཀོད་འདོམས། གཅིག་གྱུར་གྱིས་འགུལ་སྐྱོད་བཅས་བྱས་ཏེ། སྔོན་འགོག་ནན་མོ་དང་ཚོད་འཛིན་ནན་མོ་བྱེད་དགོས་པར་མ་ཟད། རང་འགན་རང་ཁུར་དང་རང་འབད་རང་འཐབ་ཀྱང་བྱེད་དགོས།
གཉིས། ས་ཁུལ་སོ་སོས་ཁོངས་གཏོགས་ས་ཆའི་དོ་དམ་གྱི་འགན་ཁུར་དངོས་སུ་ལག་བསྟར་བྱེད་པ་དང་། ས་ཁོངས་བརྒལ་བའི་མི་སྣའི་འཁོར་རྒྱུག་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་བཙུགས་ཏེ་འཐུས་ཚང་དུ་བཏང་ནས། མི་རྣམས་འགོག་སྲུང་གི་འགན་སྲུང་ཡོད་པའི་ཆ་རྐྱེན་འོག་ལུགས་མཐུན་དང་གོ་རིམ་ལྡན་པར་འཁོར་རྒྱུག་བྱེད་དུ་འཇུག་དགོས། ལས་གནས་སྟེང་ལོག་པ་དང་ལས་ཀ་བསྐྱར་ལས་ཀྱི་འགོ་རྩོམ་པའི་དུས་སྐབས་གཙོ་བོའི་མི་སྣའི་འཁོར་རྒྱུག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཇུས་གཞི་གཏན་འབེབས་བྱས་ཏེ། ཡུལ་བབ་དང་མཐུན་པར་འཁོར་རྒྱུག་གི་དུས་ཚོད་དང་སྐོར་ཁང་བགོས་ནས་བདེ་ཇགས་དང་གོ་རིམ་ལྡན་པར་འཁོར་རྒྱུག་བྱེད་དུ་འཇུག་དགོས།
གསུམ། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགྲིམ་འགྲུལལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་བཟང་བོར་སྒྲུབ་པ་དང་། འགྲོ་འོང་མི་སྣའི་དོ་དམ་དང་རླངས་འཁོར་གྱི་ཞིབ་བཤེར་ལ་ཤུགས་སྣོན་པ། རིམས་ནད་བྱུང་ཡུལ་གལ་ཆེན་གྱི་མི་སྣར་ལྟ་ཞིབ་དམ་པོ་བྱེད་པ། ནད་དུག་ཅན་ཚུར་ཡོང་བ་དང་། ནད་དུག་ནང་ནས་མཆེད་པ། ནད་དུག་ཅན་ཕྱི་རུ་འགྲོ་བ་བཅས་ལ་བཀག་འགོག་བྱེད་པའི་བྱ་བའི་བྱེད་ཐབས་དངོས་སྒྱུར་ཞིབ་སྒྱུར་བྱས་ཏེ། རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་འགྲིམ་འགྲུལ་ཡོ་ཆས་དང་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་སོགས་གནས་ཡུལ་གལ་ཆེན་གྱི་འཕྲོད་བསྟེན་རིམས་འགོག་བྱ་བར་ཤུགས་སྣོན་དགོས།
བཞི། ས་ཁུལ་སོ་སོ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཁྲིམས་དང་སྒྲིག་ལམ་ལྟར་འགྲིམ་འགྲུལ་སྐྱེལ་འདྲེན་ལ་རྩ་འཛུགས་བཟང་བོ་བྱས་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་གལ་ཆེན་ལ“གཅོད་པ་གཅིག་དང་མི་གཅོད་པ་གསུམ”དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས་ཏེ། ནད་དུག་གི་འགོ་ལམ་མཐའ་གཅིག་ཏུ་གཅོད་པ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་མི་གཅོད་པ་དང་། འཕྲལ་བསྟུན་སྐྱེལ་འདྲེན་གྱི་གེགས་མེད་བགྲོད་ལམ་མི་གཅོད་པ། དགོས་ངེས་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དངོས་རྫས་ཀྱི་སྐྱེལ་ལམ་མི་གཅོད་པ་བཅས་ལ་འགན་སྲུང་བྱེད་དགོས།
ལྔ། ས་ཁུལ་སོ་སོ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རིམས་ནད་བྱུང་སྐབས་ཀྱི་འགྲིམ་འགྲུལ་ཁྲིམས་འཛིན་གྱི་ཤུགས་ཇེ་ཆེར་བཏང་ནས། ཆོག་མཆན་མ་ཐོབ་པར་རང་དགར་འགོག་ར་འཛུགས་པ་དང་བཀག་འགོག་བྱེད་པ། ལམ་གཅོད་པ་སོགས་འགྲིམ་འགྲུལ་འགོག་པ་དང་འགལ་རྐྱེན་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་སྐྱེལ་འདྲེན་རླངས་འཁོར་རིན་མི་ལེན་པར་འགྲོ་རུ་འཇུག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རིམས་ནད་འཕྲལ་བསྟུན་སྐྱེལ་འདྲེན་རླངས་འཁོར་ལ་ལུགས་མཐུན་གྱིས་གེགས་མེད་བགྲོད་ལམ་ཕྱེ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཕྲལ་བསྟུན་དངོས་རྫས་དང་མི་སྣ་སྐྱེལ་འདྲེན་གྱི་རླངས་འཁོར་ལ“མི་གསུམ་དང་དམིགས་བསལ་གཅིག”དོན་འཁྱོལ་བྱེད་དགོས་ཏེ། རླངས་འཁོར་མི་འདུག་པ་དང་ཞིབ་བཤེར་མི་བྱེད་པ། གྲོན་དངུལ་མི་ལེན་པ། དམིགས་བསལ་གྱིས་འགྲུལ་སྐྱེལ་ལ་སྟབས་བདེ་བཟོ་བ་བཅས་བྱེད་དགོས།
དྲུག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚན་རིག་དང་མཐུན་པར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་ལམ་སྟོན་བཟང་བོ་བྱས་ནས། ལམ་ནང་གི་དོ་དམ་ཚོད་འཛིན་དང་རིམས་ནད་ཞིབ་བཤེར་ཚད་ལེན་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། རིམས་ནད་ཞིབ་བཤེར་གྱི་བརྒྱུད་རིམ་ལེགས་པོ་དང་སྟབས་བདེར་བསྒྱུར་བ། རླངས་འཁོར་ལ་ལམ་སྟོན་པའི་ནུས་ཤུགས་ཇེ་ཆེར་གཏོང་བ། རིམས་ནད་ཞིབ་བཤེར་བསྐྱར་ཟློས་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་ཞིབ་བཤེར་བྱེད་ཡུལ་དག་ཏུ་རླངས་འཁོར་འཚང་ཁ་རྒྱག་པའི་གནས་ཚུལ་ཞི་འཇགས་སུ་གཏོང་དགོས། གྲོང་ཁྱེར་བར་གྱི་འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་བཞུད་རིམ་བཞིན་རྒྱུན་ལྡན་ལྟར་སླར་གསོ་བྱེད་དགོས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།
2020ལོའི་ཟླ2པའི་ཚེས4ཉིན།