རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་གལ་ཆེན་བཏང་བ།
2020.02.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 174

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་བརྡ་ཐོ་བཏང་སྟེ་གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཉིན་ཤས་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་བྱེད་པར་ཁག་ཐེག་བྱེད་དགོས་པའི་ལས་དོན་ཡག་པོ་བསྒྲུབས་ནས་མི་སྣ་དང་རླངས་འཁོར་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་བྱེད་པར་ཁག་ཐེག་བྱེད་དགོས་པའི་ལས་དོན་སྔར་ལས་ཡག་པོ་སྒྲུབ་པ་དང་། མི་སྣ་དང་རླངས་འཁོར་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ཀྱི་ཐད་ལ་ཆེད་མངགས་བཀོད་སྒྲིག་བྱས་པ་རེད།

གཅིག་ནས་གཞུང་ལམ་དྲ་བ་བདེ་བླག་ངང་འཁོར་སྐྱོད་བྱེད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས“ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བསྟུན་པའི”རྩ་དོན་གཞིར་བཟུང་ནས་གཞུང་ལམ་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་ཐབས་ཇེ་ལེགས་སུ་གཏོང་བ་མ་ཟད། མྱུར་བགྲོད་གཞུང་ལམ་གྱི་མཛུལ་སྒོ་དང་ཐོན་སྒོ་རང་དགར་ངང་འགོག་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་འགོག་པ། གྲོང་གསེབ་ཀྱི་གཞུང་ལམ་ལོགས་སུ་བཀར་བའམ་འགྲོ་ལམ་གཅོད་པ། འཕྲལ་སྡོམ་སྐྱེལ་འདྲེན་འཁོར་རིགས་ཤར་བགྲོད་ལ་འགོག་རྐྱེན་བཟོ་བ། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དང་གྲོན་བསྡུའི་ས་ཚིགས་དང་། ཞིང་ཆེན་དང་རྒྱལ་ཁབ་ཀྱི་མ་ལམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་ཡམས་བརྟག་ཞིབ་ས་ཚིགས་འཛུགས་པ་སོགས་གཏན་འགོག་བྱ་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་ངང་བཙུགས་པའི་རིགས་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་དགོས། འགྲིམ་འགྲུལ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཡུན་རིང་བ་དང་ལམ་ཐག་རིང་བའི་གཞུང་ལམ་འགྲིམ་འགྲུལ་དགག་པར་སྔོན་འགོག་བྱས་ནས་འཕྲལ་སྡོམ་འཁོར་ལམ་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་དགོས།

གཉིས་ནས་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས།   ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ(ལྕགས་ལམ་འགྲིམ་འགྲུལ་ཚུད་པ)དང་གྲོང་ཁྱེར་བར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་རིང་། སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར(དྲ་རྒྱའི་སྔོན་མངགས་གླ་གཏོང་རླངས་འཁོར་ཚུད་པ)སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ“གནས་དང་གནས་གཏོང”གི་ཞབས་ཞུ་གང་ལེགས་སྤེལ་ནས་སྨན་པ་དང་། སྤྱི་པའི་ཞབས་ཞུ་མི་སྣ། རྒན་རྒོན་དང་། གཟུགས་པོ་ཞན་པ། དབང་པོ་སྐྱོན་ཅན་སོགས་གཙོ་གནད་མི་སྣ་རྣམས་ཕྱིར་བསྐྱོད་པར་དགོས་ངེས་ཀྱི་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།   ཧུའུ་པེ་ཞིང་ཆེན་ཕུད་པའི་ས་ཁུལ་གཞན་གྱིས་ལས་འགོ་བསྐྱར་ཚུགས་ཀྱི་བཀོད་སྒྲིག་དང་འབྲེལ་ཏེ་གྲོང་ཁྱེར་བར་གྱི་འགྲུལ་སྐྱེལ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། གླ་གཏོང་རླངས་འཁོར་སོགས་གཞུང་ལམ་སྐྱེལ་འདྲེན་ཞབས་ཞུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྐྱེལ་འདྲེན་ནུས་པ་མཁོ་སྤྲོད་དང་རླངས་འཁོར་ནང་སྡོད་པའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།  ཧུར་ཐག་སྒོས་ཆ་རྐྱེན་གང་ལེགས་བསྐྲུན་ནས་གཞུང་ལམ་ནས་ཐད་ཀར་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཞབས་ཞུའི་བྱེད་ཐབས་བརྒྱུད་ཞིང་པ་ལས་མི་དང་སློབ་མ་སོགས་འགྲོ་སྐྱོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་། ས་གནས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཞིང་བ་ལས་མི་རྣམས་ལས་གནས་སུ་ཕྱིར་ལོག་བྱེད་པའི་བོགས་གཏོང་རླངས་འཁོར་ལ་མྱུར་བགྲོད་གཞུང་ལམ་གྱི་གྲོན་དངུལ་མི་བསྡུ་བ་བྱེད་དགོས།

གསུམ་ནས་འཕྲལ་སྡོམ་དངོས་ཟོག་དབོར་འདྲེན་ཡག་པོ་བྱེད་དགོས།  ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གཙོ་གནད་འབུར་ཐོན་ཡོང་བ་བྱས་ནས་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་འཕྲལ་སྡོམ་སྐྱེལ་འདྲེན་སྣ་ཚོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག འཚོ་བའི་དགོས་ངེས་ཀྱི་དངོས་ཟོག་སྐྱེལ་འདྲེན་བཅས་ལ་ཁག་ཐེག་བྱེད་དགོས། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་དང་དེ་བཞིན་མི་སྣ་སྐྱེལ་འདྲེན་འཁོར་རིགས་ཤར་བགྲོད་ལག་ཁྱེར”ཡོད་པའི་འཁོར་རིགས་ལ་འཕྲལ་སྡོམ་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། དུས་ཐུང་ནང་རིམས་ནད་ཀྱི་གཙོ་གནད་ས་ཁོངས་སུ་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་ཁ་ལོ་བ་དང་འདོན་འཇུག་བཟོ་པ་སོགས་འགན་ལེན་བྱེད་མཁན་ལ་རྩ་དོན་ཐོག་ཉིན14རིང་ལོགས་སུ་འཇོག་པའི་བྱ་ཐབས་སྤྱོད་མི་དགོས། །

                                                                                                      རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།