མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིན་རྣམ་གཉིས་ཀྱིས་མཚོ་སྔོན་གྱི་ཧུའུ་པེའི་སྨན་བཅོས་རོགས་སྐྱོར་རུ་ཁག་གི་བློ་མཐུན་རྣམས་ལ་བཏང་བའི་འཚམས་འདྲིའི་ཡི་གེ
2020.02.14 ཁུངས། ཀློག་གྲངས། 334

མཚོ་སྔོན་ནས་ཝུའུ་ཧན་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གི་བློ་མཐུན་རྣམ་པ།

ཁྱེད་ཅག་གིས་དཀའ་ལས་མྱངས་སོང་། 

མིག་རྡེབ་དབང་ཙམ་གྱི་ཡུན་ལ། ཁྱེད་ཚོ་ཧུའུ་པེར་སོང་ནས་ཉིན་བཅུ་ཤས་ལྷག་འགོར་སོང་། དེ་སྔོན་ཁྱེད་ཚོ་སྐྱེལ་མ་གནང་སྐབས་ཀྱི་རྣམ་པ་དང་ངང་ཚུལ་དག་ད་དུང་ཡང་མིག་ལམ་དུ་རི་མོ་བཞིན་མངོན་ཡོང་།  ཉིན་འདི་དག་གི་རིང་ལ་ཁྱེད་ཅག་གི་ཁྱིམ་མིས་ཁྱེད་རང་ཚོ་དྲན་གྱིན་ཡོད་ལ། ཕ་ཡུལ་གྱི་མི་དམངས་ཀྱིས་ཀྱང་ཁྱེད་ཚོ་དྲན་གྱིན་ཡོད། ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་ཀྱང་ཁྱེད་ཚོ་དྲན་གྱིན་ཡོད། ཉིན་རྒྱུན་ང་ཚོས་བརྙན་འཕྲིན་དང་ཚགས་པར་ལས་ཁྱེད་ཚོ་ཁོམ་ལོང་མེད་པར་གང་སར་རྒྱུག་བཞིན་པའི་ངང་ཚུལ་མཐོང་ཐུབ། འགོག་སྲུང་གི་དབང་གིས་ཁྱེད་ཅག་གི་ཡིད་དུ་འོང་བའི་ངོ་གདོང་དག་མཐོང་ཐབས་བྲལ་མོད་། འོན་ཀྱང་ཁྱེད་ཅག་གི་བྱམས་སེམས་ལྡན་པའི་ངང་རྒྱུད་དང་སེམས་དཔའ་ལྟ་བུའི་བརྩེ་བ་རེ་རེ་སེམས་ཀྱིས་མྱོང་ཐུབ། 

“ཕྱོགས་གཅིག་ལ་དཀའ་ངལ་ཡོད་དུས་ཕྱོགས་ཡོངས་ཀྱིས་རོགས་སྐྱོར་བྱ་དགོས་པ”ཡིན་ཏེ། རྒྱལ་ཁབ་ལ་ཆེས་མཁོ་གལ་ཆེ་བའི་དུས་སུ་ཁྱེད་ཅག་གིས་རྒྱལ་ཁབ་ཀྱི་དོན་དུ་ཁྱིམ་ཚང་བསྐྱུར་བ་དང་མང་པོའི་བདེ་སྡུག་གི་ཆེད་དུ་སྒེར་གྱི་དོན་ཆུང་ཟུར་དུ་གཡུག རིམས་ནད་ནི་བཀའ་རྒྱ་དང་འགོག་སྲུང་ནི་འགན་ཁུར་དུ་རློམ་སྟེ། ལོ་ན་རྒས་པའི་ཕ་མ་དང་བསམ་མེད་ཀྱི་བྱིས་པ་དག་ངོ་གདོང་མཆི་མས་བརླན་བཞིན་ལོགས་སུ་བསྐྱུར་ནས། བློ་བརྟན་འགྱུར་མེད་ཀྱིས་རིམས་ནད་འགོག་སྲུང་དང་ནད་པ་བཅོས་སྐྱོབ་བྱེད་སའི་འཐབ་ཕྱོགས་དང་པོར་བསྐྱོད་ཅིང་། ཕྱོགས་སོ་སོ་ནས་ཡོང་བའི་སྨན་བཅོས་རུ་ཁག་དང་དཔུང་བ་མཉམ་གཤིབ་ཀྱིས་ཧུའུ་པེ་དང་ཀྲུང་གོ་ཡོངས་ཀྱི་སླད་དུ་ཤུགས་བརྒྱབ་ཅིང་འབད་པ་ལྷོད་མེད་བྱས། ཁྱེད་ཚོས་དོན་དངོས་ལག་ལེན་གྱི་སྟེང་ནས“ཚེ་སྲོག་ལ་བརྩི་སྲུང་དང་ནད་པའི་སྡུག་བསྔལ་སེལ་བ། བློས་གཏོང་བའི་ཆོད་སེམས་ལྡན་པ། བརྩེ་བ་རིས་མེད་ཡིན་པ”བཅས་ལས་རིགས་ཀྱི་སྙིང་སྟོབས་མངོན་ནས། ལང་ཚོ་དང་ཚེ་སྲོག་གིས་དུས་རབས་གསར་བའི་སྨན་བཅོས་ལས་དོན་པའི་ཡིད་འོང་གི་ཤོག་ལྷེ་གསར་བ་ཞིག་བྲིས་བྱུང་བས། ཁྱེད་ཚོ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ང་རྒྱལ་ཡིན་ལ། མཚོ་སྔོན་གྱི་བུ་དང་བུ་མོ་ཁྱེད་ཚོ་ཡོད་པ་ནི་ང་ཚོའི་ང་རྒྱལ་ཡང་ཡིན། དེ་བས་ཞིང་ཆེན་དང་ཏང་ཨུ་དང་མི་དམངས་སྲིད་གཞུང། ད་དུང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སེམས་གཏིང་ནས་ཁྱེད་ཚོར་འཚམས་འདྲི་དང་གུས་འདུད་ཞུས་པ་ཡིན། 

མིག་སྔར། རིམས་ནད་སྔོན་འགོག་གི་གནས་བབ་ཧ་ཅང་ཛ་དྲག་ཡིན་པས། ཁྱེད་ཚོའི་ཕྲག་སྟེང་གི་འགན་ཁུར་ཇེ་ལྕི་དང་ཁྱེད་ཚོས་གདོང་གཏོད་བཞིན་པའི་གཡུལ་ས་སྣ་མང་ཡིན་ངེས། དཀའ་སྡུག་གི་ཁྲོད་ནས་ལེགས་འགྲུབ་འབྱུང་ཐུབ་ཅེས་པའི་དཔེ་ལྟར། ཐེངས་འདིའི་དཀའ་སྡུག་བརྒྱུད་ནས། ཁྱེད་ཚོའི་བློ་རྩ་་སྔར་བས་ཇེ་བརྟན་དང་ཁྱེད་ཚོའི་བསམ་བློ་སྔར་བས་ཇེ་ཡངས་སུ་འགྲོ་ངེས་ཡིན། ཁྱེད་ཚོའི་ཁྱིམ་མི་དག་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱང་ཁྱེད་ཚོ་དང་མཉམ་དུ་ཡོད། ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། རིམས་ནད་ཀྱིས་ཀྲུང་གོར་འཇིགས་སྣང་སྟེར་མི་ཐུབ་ལ། མཐོ་སྒང་གི་བུ་དང་བུ་མོ་ཚོར་ཡང་འཇིགས་སྣང་སྟེར་མི་ཐུབ། གོས་དཀར་གྱོན་པའི་ཁྱེད་ཚོ་ནི་དེ་བས་ཀྱང་ངོ།  ཁྱེད་ཚོས་མདུན་ཕྱོགས་ན་གཡུལ་འཐབ་བྱེད་བཞིན་ཡོད་ལ། ང་ཚོས་རྒྱབ་ཕྱོགས་ན་བརྟན་སྲུང་བྱས་ནས་ཡོད། ཁྱེད་ཅག་གི་ཕ་མ་དང་བུ་ཕྲུག་ནི་ང་ཚོའི་ཕ་མ་དང་བུ་ཕྲུག་ཀྱང་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུས་ཁོར་ཚོར་བདག་སྐྱོང་བྱ་ངེས་ཡིན་ལ། ཁོ་ཚོར་འགན་སྲུང་དང་རྒྱབ་སྐྱོར་བྱ་ངེས་ཡིན། ཁྱེད་ཚོས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ལ་བདག་སྐྱོང་བྱས་ཏེ། ཡིད་སེམས་བདེ་མོས་ལས་འགན་ལག་བསྟར་བྱ་རྒྱུ་གལ།

དཔྱིད་ཀ་སླེབས་བྱུང་བས། རིམས་ནད་ཀྱང་མི་འགྱངས་པར་་མཐའ་ལ་སྐྲོད་ངེས་ཡིན། ང་ཚོས་མཉམ་དུ་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། གནད་ཁེལ་ཐབས་ཇུས། ཚན་རིིག་གི་འགོག་སྲུང་བཅས་ལ་བརྟེན་ནས། བློ་རྩ་བརྟན་པོས་རིམས་ནད་སྔོན་འགོག་ལ་རྒྱལ་ཁ་བླངས་ཏེ། སྔར་བས་མཛེས་སྡུག་ལྡན་པའི་སང་ཉིན་བསུ། 

ཁྱེད་ཅག་རྒྱལ་ཁ་དང་བཅས་ཏེ་ཕྱིར་བདེ་འཇགས་ངང་སླེབས་པར་རེ་སྒུག་བྱས་ཡོད།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།      ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་གཙོ། ལིག་ཉིན།

2020ལོའི་ཟླ2པའི་ཚེས13ཉིན། 

གསར་འགོད་པ་ཐུབ་བསྟན་གྱིས་བསྒྱུར།