ཟླ2པའི་ཚེས17ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ལམ་ཁྲལ་མེད་པར་གཏོང་རྒྱུ་རེད།
2020.02.15 ཁུངས། ཀློག་གྲངས། 46

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས15ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད། ཟླ་2པའི་ཚེས17ཉིན་ནས་བཟུང་རིམས་ནད་འགོག་སྲུང་བྱ་བ་མཇུག་སྒྲིལ་བའི་བར་དུ་རྒྱལ་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་ཐོག་རླངས་འཁོར་རིན་མེད་ངང་བསྐྱོད་ཆོག་པ་དང་།  རིན་ལེན་པའི་དུས་ཚོད་ཡང་བསྐྱར་བརྡ་ཐོ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིན་མེད་ཁྱབ་ཁོངས་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང《རིན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག》གི་གཏན་འབེབས་ལྟར་ཐག་གཅོད་བྱས་ཤིང་། ཁྲིམས་ལྟར་ཆོག་མཆན་ཐོབ་ནས་བཙུགས་པའི་རིན་བསྡུའི་གཞུང་ལམ(རིན་བསྡུའི་ཟམ་པ་དང་ཕུག་ལམ་ཚུད)ཡོད་ཚད་སྟེང་ལག་བསྟར་བྱ་རྒྱུ་རེད།  ཁྲིམས་ལྟར་ལམ་ཁྲལ་བསྡུ་བཞིན་པའི་རླངས་འཁོར་གྱི་རིགས་ཆ་ཚང་རིན་མེད་ངང་བསྐྱོད་ཆོག་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བརྡ་ཐོ་བཀྲམས་པ་བརྒྱུད། ཏོག་གསར་གློ་ཚད་འགོག་སྲུང་གི་དུས་ཡུན་ནང་རིན་བསྡུའི་གཞུང་ལམ་གྱི་རླངས་འཁོར་ལ་ལམ་ཁྲལ་བསྡུ་རྒྱུ་མིན་ལ། དེ་ཡང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་སྒོས་ལག་བསྟར་བྱ་རྒྱུ་རེད།  ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཁག་གིས་ས་གནས་དེ་གའི་སྲིད་གཞུང་གི་གཅིག་གྱུར་གྱི་འགོ་ཁྲིད་འོག་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཇུས་འགོད་གཏན་ལ་ཕབ་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་ཐབས་ཞིབ་ཕྲ་བཟོ་བ། གཞུང་ལམ་ཤར་གཏོང་འགན་ལེན་ལ་ཤུགས་སྣོན་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ། རིམས་ནད་འགོག་སྲུང་དང་དངོས་ཟོག་སྐྱེལ་འདྲེན་འགན་ལེན་བྱེད་པ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་བརྟན་འཇགས་ཡོང་བར་རམ་འདེགས་ཀྱི་ནུས་པ་གང་ལེགས་སྐྲུན་བཞིན་ཡོད།

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།