སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་འགོག་དང་འབྲེལ་བའི་བཀོད་སྒྲིག་གི་བླང་བྱ་དོན་འཁྱོལ་བྱ་ཆེད་དང་། གྲོང་ཁྱེར་སྡོད་དམངས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐང་ཕྱིར། རིམས་འགོག་གི་བར་སྐབས་སུ་སྒེར་གཉེར་བཟོ་ཚོང་ཁང་དང་སྲང་འགྲམ་གྱི་ཚོང་ཁང་དག་གི་སྒོ་འབྱེད་པ་དང་འབྲེལ་བའི་དོན་ཚན་གྱི་བརྡ་ཐོ་གཤམ་གསལ་ལྟར།
གཅིག རིགས་དགར་ནས་གོ་རིམ་ལྡན་པའི་ངང་ཚོང་གཉེར་བ། ས་ཁོད་ཡངས་ཤིང་མཁའ་དབུགས་ཀྱི་རྒྱུ་ལམ་བཟང་བ། དེ་མིན་ཕྱོགས་ཡོངས་ཀྱི་ཆ་རྐྱེན་བཟང་བའི་སྒེར་གཉེར་བཟོ་ཚོང་ཁང་དང་སྲང་འགྲམ་གྱི་ཚོང་ཁང། དམངས་ཕན་གྱི་ཚོང་བཤམས་ས་དག་གིས་རིམས་ནད་སྔོན་འགོག་གི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒོ་ཕྱེ་ཆོག་པ་ཡིན། དཔེར་ན་དམངས་ཕན་ཚོང་ཁང་དང་ཕྱིར་ཚོང་རྣམ་པ་ཅན་གྱི་ཟ་ཁང་། ཞོར་ཟས་ཚོང་ཁང་། སྐྲ་བཞར་ཁང་། པར་ལེན་ཁང་། ལྭ་བ་སྐམ་བཀྲུ་བྱེད་ས། མ་བུ་བདེ་སྲུང་གི་དངོས་ཟོག་འཚོང་ས། སྔོ་ཚལ་ཚོང་ཁང་། སྨན་རྫས་ཚོང་ཁང་། རྩེད་ཆས་ཚོང་ཁང་། རླངས་འཁོར་འཚོང་ས། འཕྲུལ་ཆས་ཞིག་གསོ་བྱེད་ས་སོགས་ཚོང་གཉེར་ལས་ཁུངས་ལྟ་བུ།ཉོ་ཚོང་གི་ཞབས་ཞུ་གཞན་གཉེར་བའི་སྒེར་གཉེར་བཟོ་ཚོང་ཁང་དག་གིས་ཁ་ཐུམ་རྒྱག་པ་དང་དུག་སེལ་སོགས་རིམས་འགོག་གི་བྱེད་ཐབས་དག་དོན་འཁྱོལ་དང་མི་སྣ་འདུ་འཛོམས་ལ་ཚོད་འཛིན་ནན་མོ་བྱེད་པའི་གནས་ཚུལ་འོག རིམ་པ་བཞིན་ཚོང་གཉེར་བྱས་ཆོག ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ7པའི་གཏན་ཁེལ་དང་འབྲེལ་བའི་ཁེ་ལས་དག་གིས་གནས་སྐབས་སུ་ཚོང་གཉེར་མཚམས་འཇོག་རྒྱུ།
གཉིས། ཚོང་གཉེར་མཁན་གྱི་འོས་འགན་དོན་འཁྱོལ་བྱ་རྒྱུ། སྒེར་གཉེར་བཟོ་ཚོང་ཁང་དང་སྲང་འགྲམ་གྱི་ཚོང་ཁང་དག་གིས་རིམས་འགོག་གི་བྱ་བ་ཚོང་གཉེར་མཁན་ནས་འགན་འཁུར་རྒྱུ་ལག་བསྟར་ནན་མོ་བྱེད་པ་དང་། ཏོག་གསར་གློ་ཚད་དར་ཁྱབ་ཏུ་འགྲོ་བའི་བར་སྐབས་སུ་ཁྲོམ་ར་དང་ཚོང་ཁང་གི་འཕྲོད་བསྟེན་ལ་བདག་སྲུང་བྱེད་པའི་བླང་བྱར་གཞིགས་ནས། སྔོན་འགོག་གི་བྱེད་ཐབས་གཏན་འཁེལ་དང་རིམས་འགོག་སྐབས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱ་དགོས། ཚོང་གཉེར་མཁན་ལ་ངེས་པར་ནུས་ལྡན་གྱི་ཚོང་གཉེར་དཔང་རྟགས་ཡོད་དགོས་པ་དང་ཁྲིམས་མཐུན་ངང་ཚོང་གཉེར་བྱ་དགོས།
གསུམ། ལས་ཀར་ཞུགས་པའི་མི་སྣའི་བདེ་ཐང་ལ་དོ་དམ་ནན་མོ་བྱ་དགོས། ལས་གནས་སུ་མ་ཞུགས་པའི་སྔོན་ལ་ལུས་དྲོད་ལ་བརྟག་པ་དང་ཁ་ཐུམ་རྒྱག་པ་སོགས་ལས་ཀར་ཞུགས་པའི་མི་སྣའི་རང་ལུས་ལ་བདག་སྲུང་བྱེད་པ་དང་། གལ་སྲིད་དོགས་ཡོད་ནད་རྟགས་ཅན་གྱི་ལས་མི་ཡོད་ན་དུས་ཐོག་ཏུ་ལས་གནས་དང་ཁ་བྲལ་ནས་ནད་བཅོས་དང་ཡར་ཞུ་བྱ་དགོས། ལས་ཞུགས་མི་སྣའི་རིམས་འགོག་གི་དྲིལ་སྒྲོག་སློབ་གསོ་ལེགས་བསྒྱུར་བྱ་ཆེད། ཚོང་གཉེར་བྱེད་སར་རིམས་འགོག་དྲིལ་སྒྲོག་རྒྱུ་ཆ་སྦྱར་ཏེ། རིམས་ནད་གནས་ཚུལ་ཡར་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡོང་བར་བྱ་དགོས།
བཞི། ཚོང་གཉེར་བྱེད་སར་དུག་སེལ་བྱ་རྒྱུར་ཤུགས་སྣོན་དགོས། ཚོང་གཉེར་བྱེད་སའི་མཁའ་དབུགས་ཀྱི་རྒྱུ་ལམ་བཟང་བར་ཁག་ཐེག་བྱ་དགོས་པ་དང་། དུག་སེལ་དང་འཕྲོད་བསྟེན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཉིན་རྒྱུན་ཚོང་མ་གཉེར་བའི་སྔོན་དང་ཚོང་གཉེར་མཚམས་བཞག་པའི་བར་སྐབས་སུ་ཕྱོགས་ཡོངས་ལ་དུག་སེལ་བྱ་དགོས་ལ། གྲོང་ཁྱེར་གྱིས་རིམས་འགོག་གི་བར་སྐབས་སུ་བཏོན་པའི་བླང་བྱ་དག་དོན་འཁྱོལ་བྱ་དགོས།
ལྔ། དུག་སེལ་གོ་རིམ་གྱི་སྲུང་སྐྱོབ་བྱེད་ཐབས་དག་ལ་ཤུགས་སྣོན་བྱ་དགོས། ཚོང་གཉེར་གྱི་དུས་ཚོད་ལུགས་མཐུན་སྒོས་བཀོད་སྒྲིག་དང་ཚོང་ཁང་དུ་ཡོང་བའི་མི་གྲངས་ལ་ཚོད་འཛིན་བྱ་དགོས་ལ། འགྲོ་འོང་བྱེད་སའི་སྒོ་ཁར་དུག་སེལ་རྐང་སྟན་འཇོག་པ་ལས་གཞན་གསལ་འདེབས་ཀྱི་བརྡ་ཡིག་སྦྱར་ཏེ། འཛད་སྤྱོད་པར་ཁ་ཐུམ་རྒྱག་པ་སོགས་མི་སྒེར་གྱི་བདག་སྲུང་ལེགས་པོར་བསྒྲུབ་རྒྱུར་དྲན་སྐུལ་བྱ་དགོས། གཞི་ཁྱོན་ཅུང་ཆེ་ཞིང་ཆ་རྐྱེན་འཛོམས་པ་དག་གིས་ལས་དྲོད་ལ་བརྟག་སྟེ་རྒྱུན་ལྡན་ཡིན་པ་དག་ནང་ལ་ཡོང་དུ་འཇུག་དགོས་ཤིང་། བཤེར་རིས་བརྒྱུད་ནས་རིན་སྤྲོད་པ་དང་དྲ་ཐོག་ནས་དུས་བཅད་བྱེད་པ། འབྲེལ་འདྲིས་མེད་པའི་སྒོ་ནས་སྡེབ་སྐྱེལ་བྱེད་པ། དུས་བགོས་དང་ཕྱོགས་བགོས། ཁ་ཐོར་བཅས་ཀྱི་སྒོ་ནས་དངོས་པོ་ལེན་པའི་ཐབས་ལམ་བེད་སྤྱད་དེ། མི་སྣ་མཉམ་འཛོམས་དང་འབྲེལ་འདྲིས་བྱེད་པའི་ཚད་ཇེ་ཉུང་དུ་གཏོང་དགོས། དེ་ལས་གཞན་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་ཅི་ཡང་སྤེལ་མི་ཆོག
དྲུག ཁོངས་གཏོགས་ས་ཆ་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འོས་འགན་དོན་འཁྱོལ་བྱ་དགོས། རྫོང་དང་ས་ཁུལ་སོ་སོའི་སྲིད་གཞུང་དང་གླིང་ཁུལ་སོ་སོའི་དོ་དམ་ཨུ་ཡོན་ལྷན་ཁང་། དེ་མིན་འབྲེལ་ཡོད་ལས་རིགས་སྡེ་ཁག་དག་གིས་ཁོངས་གཏོགས་ས་ཆ་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འོས་འགན་དོན་འཁྱོལ་ནན་མོ་བྱ་དགོས་ཏེ། གྲོང་ཁྱེར་རིམས་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གཅིག་གྱུར་གྱི་བཀོད་འདོམས་ལྟར། ཞིབ་ཚགས་དང་གོ་རིམ་ལྡན་པའི་ངང་ཆ་རྐྱེན་འཛོམས་པའི་སྒེར་གཉེར་བཟོ་ཚོང་ཁང་དང་སྲང་འགྲམ་གྱི་ཚོང་ཁང་དག་གི་སྒོ་འབྱེད་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས།
ཟི་ལིང་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2020ལོའི་ཟླ2པའི་ཚེས17ཉིན།