མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》ཞེས་པ་གཏན་འབེབས་བྱས་ཏེ་བཏོན།
2020.02.19 ཁུངས། ཀློག་གྲངས། 50

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་ལག་བསྟར་ཟབ་མོ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་འགལ་རྐྱེན་དང་ཤུགས་རྐྱེན་ནུས་ལྡན་སྒོས་སེལ་བ་དང་། ཁེ་ལས་ཆུང་འབྲིང་བརྟན་བརླིང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་པ། ལས་གཞི་གལ་ཆེན་གྱི་རིགས་བརྟན་བརླིང་དང་གོ་རིམ་ལྡན་པར་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་སྐུལ་སྤེལ་བྱེད་པ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཁྲེགས་གཏོར་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་དུས་ལྟར《ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་ཏེ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས》ཞེས་པ་གཏན་འབེབས་བྱས་ཏེ་བཏོན། སྲིད་ཇུས་བྱེད་ཐབས་དེ་བསྡོམས་པས་ཕྱོགས་དྲུག་གི་བྱེད་ཐབས་ཞིབ་མོ་ཉེར་བདུན་དུ་བགོས་ཡོད།

ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པའི་ལས་འགན་དོན་འཁྱོལ་བྱེད་པའི་སྐོར། དེང་སྐབས་ཐོན་སྐྱེད་སྒྲིག་ལམ་སླར་གསོ་བྱེད་པའི་བྲེལ་འཚུབ་ཆེ་བའི་ལས་འགན་འདི་ལ་དམིགས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་ཀ་ཐོན་ལས་སླར་གསོའི་འབྲེལ་བ་དངོས་སུ་ཐག་གཅོད་པ་ནས་འགོ་བརྩམས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ཚད་གཞིར་སླེབས་པར་ཁག་ཐེག་བྱེད་པ་དང་། མི་སྣ་སྐོར་བགོས་ནས་ཕྱིར་ལས་གནས་སྟེང་ཐོན་པར་བྱེད་པ། ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱས་ཏེ་ལས་ཀ་གཉེར་བར་ཡར་སྐུལ་བྱེད་པ། ལས་གཞི་གལ་ཆེན་ལས་འགོ་རྩོམ་པ་དང་བསྐྱར་ལས་བྱེད་པར་སྐུལ་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་ཡོད། ཆེད་མངགས་བྱ་བའི་ཚན་ཁག་དང་ཡང་ན་ཆེད་མངགས་པ་ཁེ་ལས་གལ་ཆེན་དང་ལས་གཞི་གལ་ཆེན་གྱི་སྡེ་ཁག་ཏུ་བསྡད་ནས། སྲིད་ཇུས་དོན་འཁྱོལ་བྱེད་པར་དྲིལ་སྒྲོག་དང་མཛུབ་སྟོན། སྦྲེལ་མཐུད་བཅས་བྱེད་རྒྱུ་དང་། ས་ཁུལ་སོ་སོའི་སྲིད་གཞུང་གིས་རྩ་འཛུགས་བྱས་པའི་གྲོང་ཁྱེར་དུ་ཞོར་ལས་སུ་འགྲོ་མཁན་དག་ཕྱིར་ལས་གནས་སྟེང་ལོག་པར་གླས་པའི་རླངས་འཁོར་ལ་མྱུར་བགྲོད་གཞུང་ལམ་གྱི་གླ་མི་ལེན་ཞིང་། རིམས་ནད་འབྱུང་སྐབས་དྲ་རྒྱ་ཞབས་ཞུའི་མཉེན་ཆས་ཉོས་ཏེ་སྟབས་བསྟུན་གྱིས་གཞུང་དོན་སྒྲུབ་པའི་ཁེ་ལས་འབྲིང་ཆུང་ལ་ཉོ་སྒྲུབ་གན་རྒྱའི་དངུལ་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་ལས་མི་བརྒལ་བའི་ཁ་གསབ་སྟེར་རྒྱུ། ཞིབ་མཆན་གེགས་མེད་ཅེས་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ལས་གཞི་གལ་ཆེན་གྱི་དྲ་ཐོག་ཞིབ་མཆན་ཉིན་སུམ་ཅུའི་ནང་ཡོངས་འགྲུབ་བྱེད་རྒྱུ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་འབྲེལ་བའི་འཛུགས་སྐྲུན་བྱེད་བཞིན་པ་དང་གསར་དུ་ལས་འགོ་རྩོམ་པའི་ལས་གཞི་ནམ་འབྱོར་ན་དེ་འཕྲལ་དུ་ཞིབ་མཆན་འགོད་རྒྱུ་དང་། དུས་ཚོད་ཉེར་བཞིའི་ནང་ལན་སྤྲོད་རྒྱུ། བྱ་བ་སྒྲུབ་ཡུན་གྱི་ཉིན་གསུམ་ནང་ཡོངས་འགྲུབ་བྱེད་རྒྱུ་མ་ཟད། དམིགས་བསལ་དུ་རྒྱུ་རྐྱེན་དམིགས་ཚད་བཀོད་སྒྲིག་བྱེད་རྒྱུ།

ནོར་ཁྲལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་སྐོར།ཐད་ཀར་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་ཡུལ་དང་བོ་རུ་ཞུགས་པའི་ཁེ་ལས་གལ་ཆེན་དང་། རིམས་འགོག་དངོས་རྫས་གལ་ཆེན། རིམས་ནད་འགོག་བཅོས་ཚོད་འཛིན་ལས་གཞི་བཅས་ལ། ནོར་སྲིད་སྐྱེད་སྤྲོད་དང་ཁྲལ་བསྡུ་གཟིགས་སྐྱོང་། སྲིད་གཞུང་དངུལ་གཏོང་ཁྲིད་སྟོན། ནོར་སྲིད་མ་དངུལ་རོགས་སྐྱོར་བཅས་ཐད་ནས། དུས་རིམ་རང་བཞིན་གྱི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་སྐོར་ཞིག་ལག་བསྟར་བྱེད་རྒྱུ། རྒྱལ་ཁབ་ཀྱི་ནོར་སྲིད་སྐྱེད་སྤྲོད་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པས་གཏན་ཁེལ་བྱས་པའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགན་སྲུང་ཁེ་ལས་དང་ལས་གཞི་གལ་ཆེན། ཞིང་ཞོར་ཐོན་རྫས་མཁོ་འདོན་ཁེ་ལས་བཅས་ལ་སྐྱེད་ཀ་སྟེར་བའི་རྒྱབ་སྐྱོར་ངེས་ཅན་བྱེད་རྒྱུ། རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཁེ་ལས་ཀྱིས་ཁང་ཐོན་དཔྱ་ཁྲལ་དང་མཁར་གྲོང་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་ཆག་ཡང་དང་མེད་པར་གཏོང་རྒྱུའི་རེ་འདུན་ཞུ་ཆོག རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཞུགས་པའི་སྨན་བཅོས་མི་སྣ་དང་རིམས་འགོག་ལས་དོན་པར་གནས་སྐབས་ཀྱི་བྱ་བའི་ཁ་གསབ་སྟེར་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་དང་གནས་སྐོར། མགྲོན་ཁང་། བཟའ་བཏུང་། མྱུར་སྐྱེལ་སོགས་ཞབས་ཞུའི་ཡོང་སྒོར་ཁྲིམས་ལྟར་དཔྱ་ཁྲལ་ཆག་ཡང་དང་མེད་པར་གཏོང་རྒྱུ། སྲིད་གཞུང་གི་དངུལ་གཏོང་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་དང། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་འགོག་བཅོས་ཚོད་འཛིན་ལས་གཞིར་གཟིགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། རིམས་ནད་འགོག་བཅོས་ཚོད་འཛིན་ལས་གཞིའི་མ་དངུལ་གྱི་དགོས་མཁོར་དམིགས་བསལ་གྱིས་འགན་སྲུང་བྱེད་རྒྱུ། ཞིང་ཆེན་རིམ་པའི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་ཆེད་སྤྱོད་མ་དངུལ་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བའི་ཁེ་ལས་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་རྒྱུ། གཟིགས་བཟོས་གནང་བའི་རྐྱེན་སྲོལ་བཙུགས་ནས། སྤུས་ཚད་དང་གྲངས་ཀར་འགན་ལེན་གྱིས་སྲིད་གཞུང་གིས་སྤྲད་པའི་ཉོ་སྒྲུབ་ལས་འགན་ཡོངས་འགྲུབ་བྱས་པའི་ཁེ་ལས་ལ། ཆེས་མཐོ་ན་སྒོར་ས་ཡ་གཅིག་གི་བྱ་དགའ་གནང་རྒྱུ།

དངུལ་རྩའི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་སྐོར། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་མ་དངུལ་གྱི་དཀའ་ངལ་ཡོད་པའི་ཁེ་ལས་ལ་དམིགས་ནས། ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཡིད་རྟོན་དངུལ་བསྡུའི་མ་རྩ་ཇེ་དམའ་རུ་གཏོང་བ། ཁེ་ལས་ཀྱི་འགན་ལེན་གྲོན་དངུལ་ཇེ་དམའ་རུ་གཏོང་བ། དངུལ་རྩས་ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ཐད་ནས་ཁེ་ལས་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་རྒྱུ། ཁེ་ལས་ཀྱི་གཏན་འཇགས་ཡིད་རྟོན་ལ་རྒྱབ་སྐྱོར་བྱས་ནས། དུས་ཚོད་ལོངས་པའི་དངུལ་བུན་ལ་དུས་ཚོད་ཕྱིར་འགྱངས་བྱེད་པའམ་ཡང་ན་དངུལ་བསྐྱི་རྒྱུ། ཡིད་རྟོན་དངུལ་བུན་དང་དུས་ཡུན་འབྲིང་རིང་གི་དངུལ་བུན་འོས་འཚམ་གྱིས་ཇེ་མང་དུ་གཏོང་རྒྱུ་དང་། དུས་ཡོལ་དངུལ་བུན་ལ་གནས་སྐབས་སུ་བསྐྱི་དངུལ་གྱི་རིགས་སྣ་མི་བསྒྱུར། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་ཡོང་འབབ་ཀྱི་ཁུངས་ཤོར་བའི་མི་སྒེར་དང་ཁེ་ལས་ཀྱིས་ལེགས་སྒྲིག་བྱས་རྗེས་ཀྱི་དངུལ་བུན་འཇལ་བའི་བཀོད་སྒྲིག་ལྟར་ཡིད་རྟོན་ཟིན་ཐོ་ཞུ་འབུལ་བྱ་ཆོག སྲིད་ཇུས་དོན་འཁྱོལ་གྱི་ཕན་འབྲས་མངོན་གསལ་དོད་པའི་དངུལ་རྩའི་སྒྲིལས་ཁུངས་ལ། ཞིང་ཆེན་རིམ་པའི་དངུལ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་ཁྲོད་ནས་བྱ་དགའ་གནང་རྒྱུ། ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་མུ་མཐུད་བསྐྱི་བའི་འཁོར་རྒྱུག་མ་དངུལ་གྱི་མཛོད་བཙུགས་ནས། མངོན་གསལ་ཅན་གྱི་གླ་དངུལ་དམའ་བའི་དངུལ་བུན་མུ་མཐུད་བསྐྱི་བའི་འཁོར་རྒྱུག་ལས་སྒོ་མཁོ་འདོན་བྱེད་རྒྱུ། ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཡོད་པའི་འཚོ་བའི་ཞབས་ཞུ་འགན་ལེན་ཁེ་ལས་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འབྲེལ་ཡོད་ཁེ་ལས་ལ་འགན་ལེན་གྱི་གླ་དངུལ་སོ་སོར1.5%དང་1%མན་དུ་ཇེ་དམའ་རུ་གཏོང་རྒྱུ།

ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྐོར། རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བ་དང་ཐོན་སྐྱེད་ཚོང་གཉེར་གྱི་དཀའ་ཁག་ཆེ་བ། ངེས་གཏན་མ་རྩའི་འགྲོ་སྒོ་ཡི་གནོན་ཤུགས་ཆེ་བའི་ཁེ་ལས་འབྲིང་ཆུང་ལ་དམིགས་ཏེ། སྤྱི་ཚོགས་ཉེན་ཚབ་གྲོན་དངུལ་འགོར་འགྱངས་གཏོང་ཆོག་པ་དང་གན་རྒྱའི་དུས་བཀག་ཇེ་རིང་དུ་གཏོང་བ། སྤྱི་པའི་གསོག་དངུལ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ། ཁང་པའི་གླ་དངུལ་ཆག་ཡང་དང་མེད་པར་གཏོང་བ་དང་ཡང་ན་དེའི་ཁ་གསབ་སྟེར་བ་སོགས་ནས་འགོ་བརྩམས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁུར་པོ་ཇེ་ཡང་དུ་གཏོང་དགོས། རྒན་གསོ་དང་ལས་ཤོར། ལས་རྨས་ཉེན་ཚབ་བཅས་ཀྱི་གྲོན་དངུལ་བསྡུ་ཡུན་འོས་འཚམ་སྒོས་ཇེ་རིང་དུ་གཏོང་རྒྱུ་དང་། ཆེས་མང་ན་ཟླ་དྲུག་གིས་རིང་ཇེ་རིང་དུ་གཏོང་རྒྱུ། ལས་ཤོར་ཉེན་ཚབ་དང་ལས་རྨས་ཉེན་ཚབ་ཀྱི་གྲོན་དངུལ་ཚད་གཞི་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ལས་མི་ཇེ་ཉུང་དུ་མི་གཏོང་བའམ་ཡང་ན་ལས་མི་ཉུང་ཙམ་འཕྲི་བའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ་དེས་ལོ་སྔོན་མར་དངོས་སུ་སྤྲད་པའི་ལས་ཤོར་ཉེན་ཚབ་གྲོན་དངུལ་གྱི50%ཕྱིར་སློག་བྱས་ཆོག  སྡོད་ཁང་སྤྱི་གསོག་གྲོན་དངུལ་འཇལ་བའི་བསྡུར་ཚད་དུས་མཚམས་རང་བཞིན་གྱིས་འོས་འཚམ་སྒོས་ཇེ་དམའ་རུ་བཏང་ཆོག གསར་སྤེལ་ས་ཁུལ་དང་བཟོ་ལས་གླིང་ཁུལ་སོགས་ནས་ཚད་ལྡན་ཅན་གྱི་བཟོ་ཁང་དང་རྒྱལ་དབང་རྒྱུ་ནོར་རིགས་ཀྱི་ཚོང་གཉེར་ཁང་པ་གླས་པའི་ཁེ་ལས་ལ་ཟླ་དྲུག་གི་གླ་རིན་ཇེ་ཡང་དུ་གཏོང་བ་དང་མེད་པར་གཏོང་རྒྱུ། རིམས་འགོག་ཀྱི་སྐབས་སུ་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་པའི་ཁེ་ལས་གལ་ཆེན་ལ་བརྒྱ་ཆའི་ལྔ་བཅུའི་ཁང་གླ་ཁ་གསབ་བྱེད་རྒྱུའམ་ཡང་ན་བྱ་དགའི་དངུལ་སྟེར་རྒྱུ། རྒྱལ་དབང་ཁེ་ལས་བར་གྱི་གན་རྒྱའི་འོས་འགན་དུས་ཐོག་ཏུ་ལག་བསྟར་བྱེད་མ་ཐུབ་ན། གན་རྒྱ་ལག་བསྟར་བྱེད་པའི་དུས་ཡུན་ཇེ་རིང་དུ་བཏང་ཆོག

རྒྱུ་རྐྱེན་གྱི་འགན་སྲུང་ཇེ་ལེགས་སུ་གཏོང་བའི་སྐོར། རིམས་ནད་ཀྱིས་ལས་ཀ་དང་ཐོན་སྐྱེད་སླར་གསོའི་རྒྱུ་རྐྱེན་འགན་སྲུང་ལ་བཟོས་པའི་ཤུགས་རྐྱེན་ལ་དམིགས་ཏེ། ལས་གཉེར་དང་ལས་གནས་བརྟན་པོ་ཡོང་བར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐྱེལ་འདྲེན་གྱི་གེགས་མེད་བགྲོད་ལམ་འབྱེད་པ། ཆུ་གློག་དང་སོལ་རླངས་འགན་སྲུང་ལ་གཅིག་འདོམས་བཟང་བོ་བྱེད་པ། ཚན་རྩལ་རོགས་འདེགས་མཁྲེགས་ལ་ཤུགས་སྣོན་པ་བཅས་བྱེད་རྒྱུ། སྨན་བཅོས་དང་གསོ་རིག་ལྟ་ཞིབ། ལོགས་བཀར་བཅས་ཀྱི་སྐབས་སུ། རྒྱུན་ལྡན་ལྟར་ལས་གནས་སུ་ཞུགས་མི་ཐུབ་པའི་ལས་བཟོ་པར་མི་བཀོལ་སྡེ་ཁག་གིས་ངལ་རྩོལ་གྱི་གན་རྒྱ་མེད་པར་བྱས་མི་ཆོག མཁོ་བསྟུན་རང་བཞིན་གྱི་ཐོན་སྐྱེད་དང་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་མཁོ་བའི་དངོས་རྫས་སོགས་འཕྲལ་བསྟུན་སྐྱེལ་འདྲེན་གེགས་མེད་བགྲོད་ལམ་དུ་འཇུག་རྒྱུ། འཚོ་བའི་དངོས་རྫས་མཁོ་སྤྲོད་འགན་ལེན་ནང་ཞུགས་པའི་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་དངོས་སྐྱེལ་གླ་རིན50%ཁ་གསབ་སྤྲོད་རྒྱུ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་ལ་མཁོ་བའི་གློག་དང་ཆུ། སོལ་རླངས་བཅས་གླ་རིན་ཟླ་གསུམ་རིང་འགོར་འགྱངས་བྱས་ནས་སྤྲད་ཆོག་པ་དང་། འགོར་འགྱངས་བྱེད་པའི་སྐབས་སུ་གྲོན་དངུལ་ཆད་ཀྱང་མཁོ་འདོན་མཚམས་མི་འཇོག

སེམས་ཞིབ་མོས་ཞབས་ཞུ་བཟང་བོར་སྒྲུབ་པའི་སྐོར། ཚོང་གཉེར་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་པ་དང་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་བར་དམིགས་ཏེ། དོན་སྒྲུབ་བརྒྱུད་རིམ་གསར་སྐྲུན་དང་ལེགས་སྒྱུར་བྱེད་པ་དང་། འཛད་སྤྱོད་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ།  ཞབས་ཕྱི་སྒོ་ཁར་ཐོན་པར་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། ཉེན་ཁའི་དོགས་ཟོན་ལ་ཡིད་འཇོག་བྱེད་པ་དང་། ཚོང་རའི་སྒྲིག་ལམ་ནུས་ལྡན་སྒོས་ཚད་ལྡན་དུ་གཏོང་བ། ལྟ་ཞིབ་ལྟ་སྒྲུབ་ལ་ཤུགས་སྣོན་པ་སོགས་ཀྱི་ཕྱོགས་ནས་ཏན་ཏན་ཏིག་ཏིག་སྒོས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཐོན་སྐྱེད་ཀྱི་ཆ་རྐྱེན་ལྡན་པའི་རིམས་འགོག་དངོས་རྫས་ཀྱི་ལས་གཞི་ལ་ས་ཞིང་བཀོལ་སྤྱོད་དང་ཆུ་བཀོལ་སྤྱོད།  གློག་བཀོལ་སྤྱོད་སོགས་ཀྱི་ཐོན་ཁུངས་རང་བཞིན་གྱི་དམིགས་ཚད་དམིགས་བསལ་གྱིས་བྱིན་ནས། ཐོན་སྐྱེད་དང་ཞིབ་བཤེར་ཚད་ལེན། འཛིན་ཡིག་ལེན་པ་བཅས་དུས་མཉམ་དུ་ལག་བསྟར་བྱེད་རྒྱུ། ཐོན་ནུས་ལྡན་ནའང་ཐོབ་ཐང་ལ་ཚོད་འཛིན་ཐེབས་པ་དག་གིས་དམིགས་བསལ་གྱི་དོན་དག་དམིགས་བསལ་སྒོས་སྒྲུབ་སྟེ་ཐོག་མར་ཐོན་སྐྱེད་བྱེད་པ་དང་རྗེས་སུ་གོ་རིམ་བརྒྱུད་དེ་འགྲོ་ལུགས་ཁ་གསབ་བྱེད་དགོས། ཟ་མ་སྐྱེལ་བའི་སྟེགས་བུ་དང་གློག་ཚོང་སྟེགས་བུ། རང་འདེམ་ཚོང་ར། རྒྱུད་འབྲེལ་སྟབས་བདེ་ཚོང་ཁང་། སྔོ་ཚོད་སིལ་ཏོག་ཚོང་གཉེར་ཁེ་ལས་བཅས་ཀྱིས་ས་ཆ་གཅིག་པར་སྐྱེལ་བའི་ཞབས་ཞུ་གཉེར་བར་རྒྱབ་སྐྱོར་བྱེད་རྒྱུ། དྲ་ཐོག་ནས་ཞིབ་མཆན་འགོད་པ་དང་དྲ་ཐོག་ནས་ཁྲལ་དོན་སྒྲུབ་པ། ཁེ་ལས་ལས་བཟོ་བར་དྲ་ལམ་ནས་གསོ་སྦྱོང་བྱེད་པ། དྲ་ཐོག་ནས་ལས་མི་བསྡུ་བ་སོགས་ཀྱི་ཞབས་ཕྱིའི་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ།

《སྲིད་ཇུས་བྱེད་ཐབས》ལས་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོར་དམིགས་བསལ་དུས་སྐབས་ཀྱི་ཆབ་སྲིད་ཁག་ཁུར་ཡོད་དགོས་པ་དང་། འགན་འཁྲིའི་འདུ་ཤེས་དང་གཅིག་གྱུར་འཆར་འགོད་འདུ་ཤེས། ཕན་ནུས་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།  དམ་འཛིན་གཉིས་དང་ཡར་སྐུལ་གཉིས། འཐུས་ཤོར་དུ་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་དང་རང་རྟོགས་སྒོས་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན། 《སྲིད་ཇུས་བྱེད་ཐབས》དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དེའི་ནང་དུ་དུས་ཚད་གཏན་འཁེལ་གསལ་བོ་བྱས་ཡོད་པར་གཏན་འཁེལ་བྱས་བའི་དུས་ཚད་ལྟར་ལག་བསྟར་བྱེད་དགོས།