མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་བཅུ་བཞི་པ།
2020.02.26 ཁུངས། ཀློག་གྲངས། 129

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཉིས་གཅིག་གྱུར་གྱིས་སྤེལ་བའི་བཀོད་སྒྲིག་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱ་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། ནད་ཡམས་མེད་པར་གཏོང་བ་དང་། འབྲེལ་ཐུག་དམ་ཟབ་ཡོད་མཁན་ལ་ལོགས་འགར་ལྟ་ཞིབ་བྱེད་པ་མེད་པར་གཏོང་བ། རིམས་ནད་མཆེད་སའི་དུག་སེལ་མེད་པར་གཏོང་བ་བཅས་ཡོངས་སུ་མངོན་འགྱུར་བྱས་ཏེ། གཙོ་གནད་སྔོན་འགོག་ཚོད་འཛིན་ས་ཁུལ་མེད་པར་བཏང་བའི་རྨང་གཞིའི་སྟེང་། རང་ཞིང་གི་རིམས་ནད་ཀྱི་གནས་ཚུལ་དང་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་ལ་དམིགས་ནས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་དཔྱད་འཇོག་གང་ལེགས་བྱས་པ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ2པའི་ཚེས26ཉིན་གྱི་དུས་ཚོད་བཅུ་གཉིས་ནས་བཟུང་། རང་ཞིང་གི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་བརྡ་ལན་རིམ་པ་དང་བོ་དེ་བརྡ་ལན་རིམ་པ་གསུམ་པར་བསྒྱུར་རྒྱུའི་ཐག་བཅད་པ་ཡིན། འདི་དང་འབྲེལ་བའི་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་ལྟར།

གཅིག སྣང་མེད་ལྷོད་གཡེང་གི་བསམ་བློ་རྩ་བ་ནས་སེལ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས། ཕྱི་ཡོང་ནད་པའི་ཉེན་ཁར་དུས་ནམ་ཡང་དོགས་ཟོན་མཐོན་པོ་བྱེད་པ་དང་། ཕྱི་ནས་མཆེད་པ་དང་ནང་ནས་ཁྱབ་པར་འགོག་པ་གཉིས་རྒྱུན་འཁྱོངས་ཀྱིས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་ལ་བསྟུན་ནས། དངོས་སུ་བསམ་བློའི་གོ་རྟོགས་ལ་ལྷོད་གཡེང་མེད་པ་དང་། ས་ཁོངས་འགན་འཁྲི་ལ་འཆོར་བ་མེད་པ། འགོག་སྡོམ་ནུས་ཤུགས་ལ་ཉམས་པ་མེད་པ། བྱ་བའི་ཚད་གཞི་ལ་ཆག་པ་མེད་པ་བཅས་བྱས་ཏེ། རྣམ་པར་མ་རྒྱལ་ན་རང་དགར་ལེགས་འགྲུབ་བྱུང་སོང་ཟེར་མི་རུང་།

གཉིས། རིམས་ནད་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མའི་ནད་བརྟག་སྨན་པས་འགན་འཁུར་བ་དང་། ཚ་རྒྱས་ནད་པར་སྨན་ཁང་དུ་ལྟ་ཞིབ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྔོན་བཤེར་ནད་བརྟག་དང་སྨན་ཁང་གི་འགོས་ཁྱབ་དོ་དམ། ནད་ཐོག་མ་དཔེའི་འཚོལ་སྡུད་བཤེར་སྐྱེལ་དང་ཚོད་ལྟ་ཁང་གི་ཚད་ལེན་བྱ་བ་བཅས་ལ་སྔར་ལས་ཤུགས་སྣོན་དགོས་པ་དང་། སྨན་ཁང་ནས་བུད་པའི་ནད་པ་དང་གཅིག་བསྡུས་ཀྱིས་ལོགས་སུ་འགར་མཚམས་བཞག་པའི་འབྲེལ་ཐུག་ཟབ་མོ་ཡོད་མཁན་ཀྱི་རྗེས་སྙེག་འཕྲལ་བཅར་བྱ་བ་གཟབ་ནན་གྱིས་བཟང་བོར་བསྒྲུབ་དགོས་ལ། གནས་ཡུལ་གལ་ཆེན་དང་མི་ཚོགས་གལ་ཆེན། ལྷག་པར་དུ་ནད་ཡམས་མཆེད་ཁུལ་གལ་ཆེན་ནས་མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་དག་ལ་བདེ་ཐང་བརྟག་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ཞུ་འབུལ། སྔ་ཙམ་ནས་ལོགས་དགར། སྔ་ཙམ་ནས་སྨན་བཅོས་བཅས་བྱ་དགོས།

གསུམ། ཞིང་སྡེ་དང་སྡོད་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་བར་ཤུགས་སྣོན་དགོས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ཐོན་ཁུངས་གཅིག་གྱུར་གྱིས་བཀོལ་ནས་ཆེད་མཁས་སྐྱོབ་བཅོས་འཕྲལ་བསྟུན་དཔུང་སྡེ་མྱུར་དུ་བཙུགས་ཏེ། སྡེ་བ་དང་སྡོད་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རྒྱབ་སྐྱོར་མཛུབ་སྟོན་ལ་ཤུགས་སྣོན་དགོས། ཞིང་སྡེ་དང་སྡོད་ཁུལ་གྱིས་ཆད་ལུས་མེད་པའི་ཞིབ་བཤེར་དང་དྲ་མིག་ཅན་གྱི་དོ་དམ་ལ་བསྟུད་མར་ཤུགས་བསྣན་ནས། ཕྱི་ཡོང་མི་སྣའི་འདྲི་ཞིབ་ཐོ་འགོད་དང་ལུས་དྲོད་ཚད་འཇལ་སོགས་ཀྱི་བྱ་བ་ཞིབ་ཚགས་ཀྱིས་བཟང་བོར་བསྒྲུབ་ནས། ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་ཆད་ལུས་མེད་པར་བྱ་དགོས།

བཞི། ཁེ་ལས་ལས་དོན་ལས་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཁེ་ལས་ལས་དོན་ལས་ཁུངས་སོ་སོས་ལས་བཟོ་པའི་བདེ་ཐང་བརྟག་བཤེར་ལ་ཤུགས་སྣོན་དགོས་པ་དང་། སྔོན་འགོག་ཚོད་འཛིན་དངོས་རྫས་སྟེར་བ། སྤྱི་པའི་གནས་ཡུལ་ལ་གཙང་སྦྲ་བྱེད་པ་དང་། རླུང་རྒྱུ་བར་བྱེད་པ། དུག་སེལ་བ་སོགས་ཀྱི་བྱ་བ་དུས་བཅད་ལྟར་བཟང་བོར་བསྒྲུབ་དགོས་ལ། མི་སྣ་ཚད་བརྒལ་གྱིས་འདུ་འཛོམས་བྱེད་པར་གཡོལ་ཅི་ཐུབ་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་སྲུང་བའི་སྔོན་འགྲོའི་འོག་ཏུ། ལས་གཞི་གལ་ཆེན་དང་ཁེ་ལས་གལ་ཆེན་གྱིས་གོ་རིམ་ལྡན་པར་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱ་དགོས། སློབ་ར་དང་ལས་ཀ་ལས་སར་བཀག་སྡོམ་དོ་དམ་བྱས་ཏེ། ཕྱི་ཡོང་མི་སྣ་འགོག་དགོས་ལ། ཐུན་མོང་གི་བྱ་འགུལ་ཆེ་གྲས་ཀྱི་རིགས་རྩ་འཛུགས་བྱ་མི་ཆོག

ལྔ། སྨན་བཅོས་མི་སྣའི་བདེ་ཐང་འགོག་སྲུང་ལ་ཤུགས་སྣོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྨན་བཅོས་མི་སྣར་སེམས་ཁུར་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བཟང་བོ་བྱས་ཏེ། སྨན་བཅོས་མི་སྣའི་སེམས་ཁམས་ཁྲིད་སྟོན་དང་མཁོ་སྒྲུབ་འགན་སྲུང་། རེས་སྐོར་ངལ་གསོ། བརྩོན་སེམས་སྐུལ་སློང་སོགས་ཀྱི་བྱ་བ་ཧུར་ཐག་གིས་བཟང་བོར་བསྒྲུབ་དགོས་ལ། ངེས་གཏན་སྨན་བཅོས་སྨན་ཁང་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་། གཅིག་བསྡུས་ལོགས་འགར་ལྟ་ཞིབ་བྱེད་ས་སོགས་འཐབ་ས་དང་བོའི་སྨན་བཅོས་མི་སྣའི་བདེ་ཐང་བདེ་འཇགས་ལ་སྲུང་སྐྱོབ་བཟང་བོ་བྱ་དགོས།

དྲུག མང་ཚོགས་སྒེར་གྱི་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། རིགས་སོ་སོའི་མང་ཚོགས་རྣམས་མཉམ་འགོག་མཉམ་འཛིན་ཁྲོད་ཧུར་ཐག་གིས་ཞུགས་དགོས་པ་དང་། ཕྱིའི་བྱ་འགུལ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་པ། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ལ་མི་ཞུགས་པ། ཤ་ཉེ་གྲོགས་པོ་དང་འདུ་འཛོམས་བྱེད་པའི་དུས་ཚོད་གནས་སྐབས་སུ་རྗེས་ལ་བསྣུར་བ། ཕྱིར་འགྲོ་ན་ཁ་ཐུམ་རྒྱག་པ། ལག་པ་མང་དུ་བཀྲུ་བ། གཙང་སྦྲར་གཟབ་པ། རྒྱུན་དུ་སྦྱོང་བརྡར་བྱེད་པ། རྒྱུན་དུ་རླུང་རྒྱུ་བར་བྱེད་པ་བཅས་བྱ་དགོས་ལ། གལ་ཏེ་ཚ་རྒྱས་པའི་གནས་ཚུལ་བྱུང་ཚེ་མྱུར་དུ་སྨན་པར་སྟོན་དགོས། ལྷག་པར་དུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤུན་ཟླ་རྣམས་ཀྱིས་བོད་ཀྱི་ལོ་སར་སྐབས་སུ་བཀྲ་ཤིས་པའི་ལོ་སར་གྱི་སྨོན་འདུན་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་དཔག་བཟང་བོ་དང་བདེ་ཐང་གི་སྨོན་འདུན་བཟང་བོར་བསྒྱུར་དགོས།

བདུན། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། ས་ཁུལ་སོ་སོས་རིམས་ནད་དང་འབྲེལ་བའི་འགལ་རྩོད་ཀྱི་ཞིབ་བཤེར་ཐག་གཅོད་ལ་ཤུགས་བསྣན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འབྱུང་སྲིད་པའི་གནད་དོན་སྣ་ཚོགས་ཁྲིམས་ལྟར་ལུགས་མཐུན་གྱིས་ཐག་གཅོད་པ་དང་། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ལ་རྒོལ་རྡུང་དྲག་པོ་གཏོང་དགོས་ལ། མང་ཚོགས་རང་བཞིན་གྱི་དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་པ་དང་། མང་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་ལ་ཤུགས་སྣོན་པ། སྨན་བཅོས་སྒྲིག་ལམ་དང་ཁྲོམ་རའི་སྒྲིག་ལམ། འགྲིམ་འགྲུལ་སྒྲིག་ལམ་བཅས་རྒྱུན་ལྡན་ཡིན་ཞིང་གོ་རིམ་ལྡན་པར་དངོས་སུ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་ཐོག་གི་བདེ་འཇགས་གཏན་འཇགས་ལ་ཁག་ཐེག་བྱ་དགོས།

བརྒྱད། འཐེན་བཤེར་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ས་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ནན་དཀྲི་བྱས་ཏེ། སྐུལ་བཤེར་ཞིབ་བཤེར་དང་མངོན་བཤེར་གསང་འདྲི། ཁ་པར་འཐེན་བཤེར། བྱ་བའི་གླེང་མོལ། ཡོངས་བསྒྲགས་མཚང་བརྟོལ་སོགས་ཀྱི་ཐབས་ཤེས་སྤྱད་དེ་འཐེན་བཤེར་ཞིབ་བཤེར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབྱུང་བར་བཀག་འགོག་ནན་མོ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས།

དགུ། དུས་ཀྱི་འགུལ་རྣམ་དང་བསྟུན་ནས་བརྡ་ལན་རིམ་པ་བསྒྱུར་དགོས། ཞིང་ཆེན་མི་དམངས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བརྡར་གཅོད་དབྱེ་ཞིབ་བྱས་ཏེ། ཉེན་ཁའི་དཔྱད་འཇོག་གནས་ཚུལ་གཞིར་བཟུང་ནས། ས་ཁུལ་དང་རིམ་པ་དགར་ཏེ་ཡུལ་བབ་ལ་བསྟུན་པར་ཇུས་བསྟར་བྱས་ཏེ། བརྡ་ལན་གྱི་རིམ་པར་དུས་བསྟུན་བསྒྱུར་བཅོས་བྱ་ངེས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ2པའི་ཚེས25ཉིན་ལ།