མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་བཅོ་ལྔ་བ།
2020.02.29 ཁུངས། ཀློག་གྲངས། 10

ཀྲུང་དབྱང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བྱིས་གཉོར་ཁང་སོགས་ཚོགས་འགོ་བརྩམ་པའི་དུས་ཚོད་རྩ་དོན་སྟེང་མུ་མཐུད་དུ་རྗེས་སུ་བསྣུར་བའི་བླང་བྱ་ལྟར། ཞིབ་འཇུག་བྱས་པ་བརྒྱུད་དེ་ད་ལྟ་རང་ཞིང་གི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་ཉིས་སྟོང་ཉི་ཤུ་ལོའི་དཔྱིད་དུས་སློབ་སྐབས་འགོ་བརྩམ་པའི་དུས་ཚོད་རྗེས་སུ་བསྣུར་བའི་སྐོར་ནས་བརྡ་བཏང་བ་གཤམ་ལྟར།

གཅིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱི་ནས་ནད་པ་ཡོང་བར་འགོག་པ་དང་ནང་དུ་ནད་དུག་མཆེད་པར་འགོག་པ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་ནན་དཀྲི་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་རའི་བདེ་འཇགས་བྱེད་ཐབས་དོན་ཐོག་ཏུ་འབྱོར་བའི་སྔོན་འགྲོའི་འོག་ཏུ། འབྲོག་ཁུལ་དང་རོང་ཁུལ། གྲོང་རྡལ། གྲོང་ཁྱེར་བཅས་ཀྱི་ཡུལ་བབ་ལ་བསམ་གཞིགས་བཏང་སྟེ། ས་ཁུལ་དང་རིམ་པ། གོང་འོག་བཅས་དགར་ཞིང་། སྔ་རྗེས་དང་དུས་ཚོད། དུས་མཚམས་བཅས་བསྣོལ་ནས་གོ་རིམ་ལྡན་པར་ཚོགས་འགོ་བརྩམ་དགོས།

གཉིས། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་རྩ་དོན་སྟེང་ཟླ3པའི་ཚེས9ཉིན་ནས་ཚེས13ཉིན་བར་རིམ་བཞིན་ཚོགས་འགོ་བརྩམ་པ་དང་། དམའ་འབྲིང་སློབ་གྲྭ་རྩ་དོན་སྟེང་ཟླ3པའི་ཚེས16ཉིན་ནས་ཚེས20ཉིན་བར་རིམ་བཞིན་ཚོགས་འགོ་བརྩམ་དགོས།

གསུམ། མཐོ་རིམ་སློབ་གྲྭ(མཐོ་རིམ་ལས་རིགས་སློབ་གླིང་འདུ)ཚོགས་འགོ་བརྩམ་པའི་དུས་ཚོད་སློབ་གསོ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་གཏན་ཁེལ་བྱ་རྒྱུ་དང་། ཟླ3པའི་ཚེས1ཉིན་ནས་བཟུང་སྔོན་ལ་དྲ་ཐོག་ནས་སློབ་ཁྲིད་དང་སློབ་སྦྱོང་བྱ་དགོས། སློབ་ཆུང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་ཚོགས་འགོ་བརྩམ་པའི་དུས་ཚོད་རིམས་ནད་ཀྱི་གནས་ཚུལ་ལ་བལྟས་ཏེ་ཡང་བསྐྱར་གཏན་ཁེལ་བྱ་རྒྱུ། བྱིས་གཉོར་ཁང་ཚོགས་འགོ་བརྩམ་པའི་དུས་ཚོད་ཞིང་ཆེན་ཡོངས་ཀྱི་རིམས་ནད་སེལ་རྗེས་ཡང་བསྐྱར་གཏན་ཁེལ་བྱ་རྒྱུ། གོང་གི་སློབ་གྲྭ་དག་ཚོགས་འགོ་བརྩམ་པའི་དུས་ཚོད་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་ཟུར་དུ་བརྡ་གཏང་རྒྱུ་ཡིན།

བཞི། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན“བསམ་ཇུས་གཅིག”གི་བླང་བྱ་ལྟར། འགོག་སྲུང་དངོས་རྫས་ཅ་ལག་དང་། སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས། འགྲིམ་འགྲུལ་ཁྲིམས་འཛིན་འགན་སྲུང་བཅས་དངོས་གནས་སློབ་གྲྭར་ཕྱོགས་པར་བྱ་དགོས་པ་དང་མཉམ་དུ། སྲིད་གཞུང་གི་སྡེ་ཁག་སོ་སོ་དང་སློབ་མའི་ཁྱིམ་བདག སློབ་གྲྭའི་མཐའ་སྐོར་ཀུན་གྱིས་སློབ་གྲྭར་གཞོགས་འདེགས་དམ་པོ་བྱས་ཏེ། སློབ་གྲྭའི་རྒྱུན་ལྡན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་ཁག་ཐེག་བྱ་དགོས།

ལྔ། རྫོང་རིམ་པའི་སྲིད་གཞུང་གིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉིས་སྟོང་ཉི་ཤུ་ལོའི་དཔྱིད་དུས་སློབ་སྐབས་ཚོགས་འགོ་བརྩམ་པའི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་བའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། གཙོ་གཞིའི་འགན་འཁྲི་དངོས་སུ་ལག་བསྟར་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭ་ཚོགས་འགོ་བརྩམ་པའི་ཇུས་གཞི་དང་གྲ་སྒྲིག་བྱ་བར་རེ་རེ་བཞིན་དུ་དཔྱད་དཔོག་བྱས་ཏེ། ཚོགས་འགོ་བརྩམ་པའི་ཆ་རྐྱེན་ཚང་བར་ཁག་ཐེག་བྱ་དགོས། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་བྱས་ཏེ། ཁོངས་གཏོགས་ཀྱི་རྫོང་སོ་སོའི་སློབ་གྲྭ་ཚོགས་འགོ་བརྩམ་པའི་དུས་ཚོད་ལ་ཞིབ་བཤེར་གཏན་འབེབས་བྱས་ཏེ་སྤྱི་སྡོམ་བྱས་རྗེས་ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

དྲུག ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་གིས་ས་ཁུལ་སོ་སོའི་སློབ་གྲྭ་ཚོགས་འགོ་བརྩམ་པའི་བྱ་བར་མཛུབ་སྟོན་མཐུན་སྦྱོར་བྱ་དགོས། རིམ་པ་སོ་སོའི་སློབ་གསོ་སྡེ་ཁག་གིས་དོ་དམ་དབང་ཚད་ལྟར། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བཟང་བོ་བྱས་ཏེ། དགེ་རྒན་ལས་གནས་སུ་འབྱོར་བ་དང་བསླབ་དེབ་སློབ་གྲྭར་འབྱོར་བ། ཁྲིད་ཟིན་མིའི་ཐོག་འབྱོར་བ་བཅས་ལ་རྩ་འཛུགས་ཀྱིས་སློབ་གྲྭས་སློབ་གྲྭ་ཚོགས་འགོ་བརྩམས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་ཁྲིད་ཐེངས་དང་བོར་བཀོད་སྒྲིག་བཟང་བོ་བྱེད་པར་མཛུབ་སྟོན་བྱ་དགོས་པ་དང་། སློབ་གྲྭ་ཚོགས་འགོ་རྩོམ་པའི་བརྒྱུད་རིམ་ཁྲོད་གནས་པའི་འབུར་ཐོན་གནད་དོན་དུས་ལྟར་མཐུན་སྦྱོར་ཐག་གཅོད་བྱ་དགོས།

བདུན། རིམ་པ་སོ་སོའི་བཟོ་ལས་ཆ་འཕྲིན་དང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་དོན། འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་མཉམ་འགོག་མཉམ་སྡོམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། འགན་འཁྲི་ལས་བགོས་ལྟར། སློབ་གྲྭར་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་པ་བཀོད་སྒྲིག་བྱས་ནས། སློབ་གྲྭའི་རིམས་འགོག་སྟོབས་ཤུགས་གསོ་སྦྱོང་བྱེད་པ་དང་། སློབ་རའི་འཕྲོད་བསྟེན་རིམས་འགོག་སྤེལ་བར་མཛུབ་སྟོན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དངོས་རྫས་མཐུན་སྦྱོར་ཁ་གསབ་བྱེད་པ། སློབ་རའི་མཐའ་སྐོར་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པ། སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པ་སོགས་ཀྱི་འགན་སྲུང་བྱེད་ཐབས་ཕན་སུམ་ཚོགས་པར་བཏང་སྟེ། སློབ་གྲྭར་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭ་ཚོགས་ནས་སློབ་ཁྲིད་བྱེད་པའི་བྱ་བ་བཟང་བོར་སྒྲུབ་རོགས་བྱ་དགོས།

བརྒྱད། སློབ་གྲྭས་རང་གི་དོན་དངོས་དང་སྦྲེལ་ནས། “སློབ་གྲྭ་གཅིག་ལ་སྲིད་ཇུས་གཅིག”ཅེས་པ་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས་དང་འཕྲད་བསྟུན་ཐག་གཅོད་སྔོན་ཇུས་གཏན་འབེབས་བྱེད་པ་དང་། སློབ་གྲྭའི་འགོ་ཁྲིད་ཀྱི་ཐད་ཀར་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དགེ་སློབ་དང་ལས་བཟོ་བའི་ནམ་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དགེ་སློབ་ཀྱི་བདེ་འཇགས་ལ་ཁག་ཐེག་དང་། རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་ཁག་ཐེག་བྱ་དགོས།

དགུ། སློབ་གྲྭའི་དགེ་རྒན་གྱིས་སྣེ་ཁྲིད་དེ་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་དགོས་པ་དང་། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་ཁྲིད་ཐེངས་དང་བོ”དང“བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཐེངས་དང་བོར”གྲ་སྒྲིག་བཟང་བོ་བྱས་ཏེ་བཟང་བོར་འཁྲིད་དགོས་ལ། སློབ་ཁྲིད་ཀྱི་སྐབས་སུ་ངེས་པར་དུ་བླང་བྱ་ལྟར་ཁ་ཐུམ་རྒྱག་དགོས།

བཅུ། སློབ་མའི་ཁྱིམ་བདག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྦྲེལ་ནས། བྱིས་པར་འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ལོབས་པར་བྱ་དགོས་པ་དང་། སློབ་གྲྭར་གཞོགས་འདེགས་ཀྱིས་སློབ་གྲྭ་ཚོགས་འགོ་མ་བརྩམ་གོང་གི་བྱིས་པའི་སློབ་སྦྱོང་དང་ཚོགས་འགོ་བརྩམས་རྗེས་ཀྱི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ2པའི་ཚེས28ཉིན་ལ།