མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།(ཨང16པ)
2020.03.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 85

2020ལོའི་ཟླ3པའི་ཚེས3ཉིན་ནས་ཚེས4ཉིན་བར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། ཡུལ་ཤུལ་ཁུལ་བཅས་གྲོང་ཁྱེར་དང་ཁུལ་དྲུག་གི་གཙོ་གནད་མིན་པའི་འགོག་སྡོམ་ས་ཁུལ་ཏེ་རྫོང་དང་གྲོང་ཁྱེར། ཆུས12ལ་རིམས་ནད་ཀྱི་ཉེན་ཁའི་ཕྱོགས་བསྡུས་དཔྱད་དཔོག་བྱས།

ཟླ3པའི་ཚེས4ཉིན་ཞིང་ཆེན་བཀོད་འདོམས་པུའུ་ཡིས་ཆེད་མཁས་བློ་འདོན་བཞུགས་མོལ་ཚོགས་འདུ་བསྡུས་ནས་དཔྱད་དཔོག་བདེན་དཔང་བྱས།ཆེད་མཁས་པས་ཕྱོགས་བསྡུས་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བསྟུད་མར་གཏན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བ་དང་། ནད་ངོས་བཟུང་བའི་ནད་པ་ཚང་མ་དྲག་སྐྱེད་བྱུང་བར་མ་ཟད་ཉམས་མྱོང་ངེས་ཅན་བསགས་ཡོད་ལ།སྨན་བཅོས་སྐྱོབ་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། འགོག་སྡོམ་བྱེད་ཐབས་འོས་འཚམ་ནུས་ལྡན་ཡིན་ཞིང་། མཆེད་པ་དང་ཁྱབ་པའི་ཉེན་ཁར་སྤྱིར་བཏང་གིས་ཚོད་འཛིན་བྱེད་ཐུབ་ལ།རིམས་ནད་ལ་བརྟེན་ནས་དངོས་ཟོག་འགན་སྲུང་དཀའ་བའི་གནས་ཚུལ་ནུས་ལྡན་གྱིས་ཞི་འཇགས་སུ་བཏང་ཡོད་པས། རྫོང་དང་གྲོང་ཁྱེར། ཆུས12པོ་རང་ཞིང་གི་སྤྱིར་བཏང་འགོག་སྡོམ་ས་ཁུལ་གྱི་ཚད་གཞི་དང་མཐུན་པར་འདོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཟླ2པའི་ཚེས17ཉིན་དཔར་ནས་བཀྲམ་པའི་ས་ཁུལ་དང་རིམ་པ་དགར་བའི་ཚད་གཞི་ལྟར་ན།ཟླ3པའི་ཚེས5ཉིན་བར་དུ།རང་ཞིང་གི་མངའ་ཁོངས་ཧྲིལ་བོ་ཉིན18རིང་རྒྱལ་ཁབ་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ཞིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས》《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ས་ཁུལ་དང་རིམ་པ་དགར་བའི་གནད་ཕིགས་ཇུས་བསྟར་བྱ་བའི་ཇུས་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་ལྟར། རང་ཞིང་གི་དེང་སྐབས་ཀྱི་རིམས་ནད་གནས་བབ་དང་སྦྲེལ་ནས། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས5ཉིན་གྱི་དུས་ཚོད24པ་ནས་བཟུང་། རང་ཞིང་གི་གཙོ་གནད་མིན་པའི་འགོག་སྡོམ་ས་ཁུལ་གྱི་རྫོང་དང་གྲོང་ཁྱེར། ཆུས12སྤྱིར་བཏང་གི་འགོག་སྡོམ་ས་ཁུལ་དུ་བསྒྱུར་རྒྱུའི་ཐག་བཅད་པ་ཡིན།

ཐེངས་འདིའི་བསྒྱུར་བཅོས་ཀྱི་རྗེས་སུ། རང་ཞིང་གི་རྫོང་དང་གྲོང་ཁྱེར། ཆུས། སྲིད་ཨུ་བཅས45བོ་ཚང་མ་སྤྱིར་བཏང་གི་འགོག་སྡོམ་ས་ཁུལ་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ3པའི་ཚེས5ཉིན།


ཕྱུག་ལོས་བསྒྱུར།