ཟླ2པའི་ཚེས26ཉིན་ཞིང་ཆེན་ཡོངས་ཀྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་བོ་དེ་བརྡ་ལན་རིམ་པ་གསུམ་པར་བསྒྱུར་རྗེས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པས།ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་བསྟུད་མར་གཏན་འཇགས་ཀྱི་ངང་ནས་བཟང་ཕྱོགས་སུ་འཕེལ་བ་དང་། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱུང་ནས། རིམས་ནད་ཕོག་པའི་ནད་པ་མེད་པར་བྱས་པ་དང་། ནད་པར་འབྲེལ་ཐུག་ཟབ་མོ་བྱས་པར་ལོག་བཀར་ལྟ་ཞིབ་བྱེད་རྒྱུ་མེད་པར་བྱས་ལ། ནད་སའི་དུག་སེལ་མེད་པར་བྱས་པ་དང་།གཙོ་གནད་དང་གཙོ་གནད་མིན་པའི་འགོག་སྡོམ་ཁུལ་མེད་པར་བྱས་པར་མ་ཟད། བསྟུད་མར་ཉིན28ལ་གསར་བྱུང་གི་ནད་ངོས་བཟུང་བའི་ནད་པ་དང་དོགས་ཡོད་ནད་པ་མ་བྱུང་བར།བརྟན་བརླིང་གིས་ཏོག་གསར་གློ་ཚད་ཀྱི་གབ་ཡུན་གཉིས་ཕར་འདས། ཟླ2པའི་ཚེས21ཉིན་རང་ཞིང་གི་མཇུག་མཐའི་ནད་ངོས་བཟུང་བའི་ནད་པ་གཉིས་པོ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་བུད་ནས་ད་བར་དུ་ཉིན14འགོར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་བའི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་ཟླ2པའི་ཚེས17ཉིན་དཔར་ནས་བཀྲམ་པའི་ས་ཁུལ་དང་རིམ་པ་དགར་བའི་ཚད་གཞི་ལྟར་ན། ཟླ3པའི་ཚེས5ཉིན་བར་དུ། རང་ཞིང་གི་མངའ་ཁོངས་ཧྲིལ་བོ་ཉིན18རིང་རྒྱལ་ཁབ་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་ཇུས》《མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ས་ཁུལ་དང་རིམ་པ་དགར་བའི་གནད་ཕིགས་ཇུས་བསྟར་བྱ་བའི་ཇུས་གཞི》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛུབ་སྟོན་རང་བཞིན་གྱི་ཡིག་ཆའི་དགོངས་དོན་ལྟར། རང་ཞིང་གི་དེང་སྐབས་ཀྱི་རིམས་ནད་གནས་བབ་དང་སྦྲེལ་ནས། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་དཔྱད་དཔོག་གང་ལེགས་བྱས་པ་དང་། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས6ཉིན་གྱི་དུས་ཚོད12པ་ནས་བཟུང་། རང་ཞིང་གི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་གསུམ་པ་དེ་བརྡ་ལན་རིམ་པ་བཞི་བར་བསྒྱུར་རྒྱུའི་ཐག་བཅད་པ་ཡིན།
འཕྲལ་བསྟུན་བརྡ་ལན་གྱི་རིམ་པ་བསྒྱུར་བ་དེས་རིམས་ནད་འགོག་སྡོམ་ལྷོད་གཡེང་དུ་བཏང་བ་མི་མཚོན་པར།རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ་སྤེལ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་སྔར་ལས་ཟབ་མོ་བྱས་ནས། རིམས་ནད་འགོག་སྡོམ་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་མྱུར་དུ་འཛུགས་དགོས་པ་མཚོན་ཡོད། དེང་སྐབས་ཕྱི་ནས་མཆེད་པ་འགོག་པ་དང་ནང་དུ་ཁྱབ་པ་འགོག་པ།རྒྱལ་ཕྱིའི་རིམས་ནད་ཕྱིར་མཆེད་པར་ནན་འགོག་བྱེད་པ་བཅས་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྕི་ལ། ཕྱི་ནས་མཆེད་པ་འགོག་པ་ནི་སྔར་བཞིན་རང་བཞིན་གི་རིམས་ནད་འགོག་སྡོམ་གྱི་གལ་འགངས་ཆེ་ཤོས་ཡིན་པས།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བ་སྣ་ཚོགས་གཅིག་གྱུར་གྱིས་བཟང་བོར་འཛིན་པའི་དགོས་གཏུག་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་དགོས་ལ། ངེས་པར་དུ་འགོ་ནས་མཇུག་བར་དུ་གཟབ་ནན་བྱེད་དགོས་པ་ལས། རིམས་ནད་ཀྱི་དོགས་ཟོན་ཇེ་དམའ་རུ་གཏོང་མི་རུང་བ་དང་། འགོག་སྡོམ་གྱི་རེ་བ་ཇེ་དམའ་རུ་གཏོང་མི་རུང་བར། མུ་མཐུད་དུ་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ངལ་མཉམ་སེལ། ཚན་རིག་བཀག་སྡོམ།གནད་ཕིགས་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་ལྟར། བསྟུད་མར་འཐབ་འཛིང་བྱེད་པའི་སྙིང་སྟོབས་སྲུང་འཛིན་བྱེད་པ་དང་། དྲག་འཛིང་བྱེད་ཕོད་པའི་ཀུན་སྤྱོད་དར་སྤེལ་བྱས་ཏེ། རང་ཞིང་གི་རིམས་ནད་ཀྱི་གནས་ཚུལ་འགྱུར་ལྡོག་གི་ཁྱད་ཆོས་གསར་བ་དང་གནས་ཚུལ་གསར་བ་ཡང་དག་པར་ཤེས་པར་བྱེད་པ་དང་། མི་ཚོགས་གཙོ་བོ་དང་གནས་ཡུལ་གཙོ་བོའི་འགོག་སྡོམ་འབུར་དུ་ཐོན་པར་བྱེད་པ།ས་ཁོངས་ཀྱི་འགན་འཁྲི་དང་སྡེ་ཁག་གི་འགན་འཁྲི།ལས་ཁུངས་ཀྱི་འགན་འཁྲི། མི་སྒེར་གྱི་འགན་འཁྲི་བཅས་དམ་དཀྲི་ནན་དཀྲི་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་གཉིས་ཀྱི་རྒྱལ་ཁ་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།
2020ལོའི་ཟླ3པའི་ཚེས5ཉིན།
ཕྱུག་ལོས་བསྒྱུར།