མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ(ཨང20པ)
2020.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 184

ཏང་ཀྲུང་དབྱང་གིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་གཙོ་བོ་གཅིག་གྱུར་གྱིས་དམ་འཛིན་བཟང་བོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་ས་ཁུལ་དང་རིམ་པ་དགར་བར་འགུལ་རྣམ་ལེགས་སྒྲིག་བྱས་ཏེ་ཁྱད་པར་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པའི་བླང་བྱ་ཞིབ་མོ་གཞིར་བཟུང་བ་དང་།རང་ཞིང་གི་དེང་སྐབས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་དང་སྦྲེལ་ནས།ཆེད་མཁས་པས་ཚན་རིག་དཔྱད་དཔོག་དང་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད།ཞིང་ཆེན་སྲིད་གཞུང་གིས2020ལོའི་ཟླ3པའི་ཚེས22ཉིན་གྱི་དུས་ཚོད24པ་ནས་བཟུང་།རིམས་ནད་འགོག་སྡོམ་གྱི་གནས་བབ་བསྟུད་མར་ཇེ་བཟང་དུ་སོང་བ་དང་།འགོག་སྡོམ་བྱེད་ཐབས་དོན་ཐོག་ཏུ་བཟང་བོར་འཁྱོལ་བར་བྱས་ལ།ཕྱི་ནས་ནད་མཆེད་པའི་ཉེན་ཁར་འགོག་སྡོམ་བྱེད་ཐུབ་པའི་ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུས་དང་མཁར་ཤར་ཆུས།མཚོ་ཤར་གྲོང་ཁྱེར་གྱི་མེན་ཧི་རྫོང་དང་དཔའ་ལུང་རྫོང་སོགས་རྫོང་དང་གྲོང་ཁྱེར།ཆུས13སྤྱིར་བཏང་གི་འགོག་སྡོམ་ཁུལ་གྱི་གྲས་ནས་བླངས་ཏེ།རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཡོངས་སུ་སླར་གསོ་བྱེད་པ་དང་མཉམ་དུ་རྒྱུན་རྣམ་གྱི་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་རྒྱུའི་ཐག་བཅད།ཐེངས་འདིར་ལེགས་སྒྲིག་བྱས་རྗེས།རང་ཞིང་གི་རྫོང་དང་གྲོང་ཁྱེར།ཆུས།སྲིད་ཨུ45བོ་ཚང་མ་རྒྱུན་རྣམ་གྱི་འགོག་སྡོམ་དོ་དམ་དུ་བསྒྱུར་བ་རེད།

རང་ཞིང་གི་རིམས་ནད་འགོག་སྡོམ་གནས་བབ་དང་།མཐོ་འབྲིང་དང་དམའ་འབྲིང་།སློབ་ཆུང་བཅས་བསྟུད་མར་ཚོགས་མགོ་རྩོམ་པའི་འཕེལ་རིམ་གྱི་རྨང་གཞིའི་སྟེང་དུ།རིམས་ནད་འགོག་སྡོམ་དང་སློབ་རའི་བདེ་འཇགས་བྱེད་ཐབས་དོན་འཁྱོལ་བཟང་བོ་བྱེད་པའི་སྔོན་འགྲོའི་འོག་ཏུ།“གཅིག་གྱུར་བཀོད་སྒྲིག་དང་ཧུར་ཐག་སྐུལ་སྤེལ།དུས་བབ་དང་བསྟུན་པ།སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག”བཅས་ཀྱི་རྩ་དོན་ལྟར།སློབ་གྲྭ་དགར་བ་དང་སློབ་མའི་ཡོང་ཁུངས་དགར་བ།ཆེད་ལས་དགར་བ།ལོ་རིམ་དགར་བ་སོགས་ཀྱི་འབྱོར་ཐོ་འགོད་པའི་ཐབས་ལམ་སྤྱད་དེ།ཞིང་ཆེན་ཡོངས་ཀྱི་དངོས་གཞི་སློབ་གྲྭ་དང་མཐོ་རིམ་ལས་རིགས་སློབ་གྲྭ་ཁག་རྩ་དོན་སྟེང་ཟླ4པའི་ཚེས1ཉིན་ནས་ཟླ4པའི་ཚེས15བར་སྔ་གཞུག་ཏུ་ཚོགས་མགོ་བརྩམ་རྒྱུ་ཡིན།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་དཔར་ནས་བཀྲམ་པའི《མང་ཚོགས་ཀྱིས་ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པའི་མཛུབ་སྟོན》ཞེས་པ་དང་ས་ཁུལ་དང་རིམ་པ་དགར་བའི་ཁྱད་པར་ཅན་གྱི་དོ་དམ་བླང་བྱ་གཞིར་བཟུང་བ་དང་།རང་ཞིང་གི་མངའ་ཁོངས་ཡོངས་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་པའི་དོན་དངོས་དང་སྦྲེལ་ནས།ནུས་ལྡན་གྱིས་འགོག་སྲུང་བྱེད་པ་དང་ཆུད་ཟོས་ཇེ་ཉུང་དུ་གཏོང་ཆེད།རང་ཞིང་གིས《མི་རྣམས་ཀྱིས་ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་གྲ་སྒྲིག་བྱེད་པའི་ཕྱོགས་སྟོན》ཞེས་པ་དཔར་ནས་བཀྲམ་ཡོད་པས།མང་ཚོགས་ཚོས་དེར་དོ་ཁུར་དང་དཔེ་ལྟ་བྱ་རོགས།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་འགོག་སྡོམ་བྱ་བ་སྣ་ཚོགས་དམ་འཛིན་ལེགས་འཛིན་ཞིབ་འཛིན་བྱེད་པ་དང་།རང་ཞིང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་གནས་བབ་ཀྱི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་ཡང་དག་པར་ཤེས་པར་བྱས་ཏེ།དུས་བསྟུན་བབ་བསྟུན་གྱིས་བྱ་བའི་ཤུགས་འདོན་ས་དང་ཁ་གཏད་གཅོག་ཐབས་བསྒྱུར་བ་དང་།“འགག་གནས”འབྱེད་པ་དང“ཆད་གནས”མཐུད་པ།རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་ཡོངས་སུ་སླར་གསོ་བྱེད་པ།རིགས་སོ་སོའི་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་བསྐོང་བ་བཅས་བྱས་ཏེ།རིམས་ནད་འགོག་སྡོམ་གྱི་མི་དམངས་དམག་འཐབ་དང་སྤྱིའི་དམག་འཐབ།འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་ཁག་ཐེག་དང་།འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་དམིགས་འབེན་དང་ལས་འགན་མངོན་དུ་འགྱུར་བར་ཁག་ཐེག་བྱ་དགོས།

གཅིག་ནི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།མུ་མཐུད་དུ་དོགས་ཟོན་མཐོན་པོ་བྱ་དགོས།ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་སུ་ལག་བསྟར་དོན་འཁྱོལ་བྱས་ཏེ།དུས་ནམ་ཡང་དོགས་ཟོན་མཐོན་པོ་བྱེད་པ་དང་།འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ།འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱེད་པ།སྣང་ཆུང་གི་བསམ་བློ་དང་སུན་སྣང་གི་བསམ་ཚུལ།སྟེས་དབང་གི་བསམ་པ།ལྷོད་གཡེང་གི་འདུ་ཤེས་བཅས་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ།མུ་མཐུད་དུ་འགོག་སྡོམ་གྱི་ཚད་གཞི་ཇེ་དམའ་རུ་མི་གཏོང་བ་དང་ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ།བླང་བྱ་ཇེ་ལྷོད་དུ་མི་གཏོང་བ་བཅས་བྱ་དགོས།ས་ཁུལ་སོ་སོས་མུ་མཐུད་དུ་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་མཁན་གྱི་གྲལ་བཤེར་ལྟ་སྡོམ་ལ་ཤུགས་སྣོན་པ་དང་།སྤྱི་བདེ་དང་སྒོ་ཁྲལ།མཐའ་སྲུང་ཞིབ་བཤེར།ཕྱི་འགྲོ་ནང་ཡོང་ཞིབ་བཤེར་རིམས་བཤེར།ཕྱི་དོན།འཕྲོད་བསྟེན་བདེ་ཐང་།གནམ་གྲུ་ཐང་།མེ་འཁོར་ས་ཚིགས་སོགས་སྡེ་ཁག་བར་གྱི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་ནུས་པ་ལེགས་པར་བཏོན་ནས།ཉེན་ཁ་ལྟ་སྡོམ་དང་།ཉེན་ཁ་གྲལ་བཤེར།ནད་པ་བརྒྱུད་སྐྱེལ།གསོ་རིག་ལྟ་ཞིབ།ཆ་འཕྲིན་ཡར་ཞུ་སོགས་བྱ་བ་སྣ་ཚོགས་ནན་ཏན་གྱིས་བཟང་བོར་བསྒྲུབ་སྟེ།རིམས་ནད་ནང་དུ་མཆེད་པར་ནན་འགོག་བྱ་དགོས།

གཉིས་ནི་གཙོ་གཞིའི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས།སྤྱི་ཐུན་གནས་ཡུལ་གྱི་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་བྱ་དགོས།ཞིང་ལས་རྒྱུ་ཆའི་ཁྲོམ་ར་དང་ཚོང་ར།ཚོང་ཁང་སོགས་འཚོ་བའི་མཁོ་ཆས་རིགས་ཀྱི་གནས་ཡུལ་དང་གསོལ་མགྲོན་ཁང་དང་མགྲོན་ཁང་སོགས་འཚོ་བའི་ཞབས་ཞུའི་རིགས་ཀྱི་གནས་ཡུལ་ལ་བསྟུད་མར་ཤུགས་བསྣན་ནས།གནད་ཕིགས་དང་གོ་རིམ་ལྡན་པར་ལས་ཀ་སླར་གསོར་སྐུལ་འདེད་གཏོང་དགོས་པ་དང་མཉམ་དུ།ཁྲིམས་མིའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ།ཁོར་ཡུག་གི་འཕྲོད་བསྟེན་གཙང་དག་དང་དུག་སེལ།རླུང་རྒྱུ་བར་བྱེད་པ།འགྲུལ་བར་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་དགོས།ཞག་འདུག་གི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཚོང་གཉེར་ལས་ཁུངས་ཀྱིས་འགྲུལ་བའི་ཆ་འཕྲིན་ངོ་མ་ཐོ་འགོད་བྱས་ཏེ།འགྲུལ་བའི་གྲལ་བཤེར་དང་སྙན་ཞུ་བཟང་བོར་བསྒྲུབ་དགོས།གནམ་གྲུ་ཐང་དང་རླངས་འཁོར་ས་ཚིགས།གྲུ་ཁ་སོགས་མི་སྣ་མང་བོ་འདུ་སས་མུ་མཐུད་དུ་ཞིབ་བཤེར་ས་ཚིགས་འཛུགས་པ་དང་།མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ།ལུས་དྲོད་བརྟག་བཤེར་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།འགག་སྒོའི་གྲོང་ཁྱེར་ཡོད་སའི་ཞིང་ཆེན་བར་དུ་མུ་མཐུད་ནང་ཡོང་མི་སྣའི་ཆ་འཕྲིན་བརྗེ་རེས་བྱས་ཏེ།ཕ་ཡུལ་རང་ཞིང་ཡིན་པའམ་ཡང་ན་ཕྱི་རྒྱལ་ནས་མཚོ་སྔོན་དུ་ཡོང་མཁན་གྱི་ཆ་འཕྲིན་ལ་དུས་ལྟར་རྒྱུས་ལོན་དང་བརྒྱུད་སྤྲོད་བྱ་དགོས།ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་གྱི“བདེ་ཐང་ཨང་རྟགས”ཕན་ཚུན་ཁས་ལེན་པའི་མཉམ་ལས་བཟང་བོར་སྤེལ་ནས།ལས་རིགས་སོ་སོས་གོ་རིམ་ལྡན་པར་ལས་ཐོན་སླར་གསོ་བྱེད་པ་དང་ལས་ཀ་བ་གོ་རིམ་ལྡན་པར་བདེ་འཇགས་ངང་ཕྱིར་ལས་གནས་སྟེང་ལོག་པར་མྱུར་དུ་སྐུལ་འདེད་གཏོང་དགོས།

གསུམ་ནི་སྐོར་སྐྱོད་མཛུབ་སྟོན་ཇེ་དྲག་ཏུ་བཏང་ནས།རིམས་ནད་འགོག་སྡོམ་གྱི་མཛུབ་སྟོན་བྱ་བ་དངོས་སུ་བཟང་བོར་བསྒྲུབ་དགོས།རིམ་པ་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་ལས་ཐོན་སླར་གསོའི་ཁེ་ལས་ལས་ཁུངས་ཀྱིས་འགོག་སྡོམ་ཇུས་གཞི་དང་ཕྱོགས་སྟོན་ལྟར།ས་ཁོངས་དོ་དམ་ཇེ་དྲག་ཏུ་བཏང་ནས།འགོག་སྡོམ་བྱེད་ཐབས་ཚན་རིག་དང་མཐུན་པར་དོན་འཁྱོལ་བྱ་དགོས།ཐོན་ལས་དང་མི་སྣའི་ཁྱབ་ཚུལ་དང་སྦྲེལ་ནས།ལོགས་འགར་གསོ་རིག་ལྟ་ཞིབ་བྱེད་གནས་ལུགས་མཐུན་གྱིས་བཙུགས་ཏེ།རིམས་ནད་ཀྱི་ཉེན་ཁ་བྱུང་ན།བློ་ཐག་ཆོད་པོས་ལོགས་འགར་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་།དུས་ལྟར་རིམས་ནད་འཕྲལ་བསྟུན་ཐག་གཅོད་བྱ་དགོས།གླིང་ཁུལ་གཙོ་བོའི་ལས་ཀ་འགོ་རྩོམ་པ་དང་།སློབ་གྲྭ་གཙོ་བོ་ཚོགས་འགོ་རྩོམ་པའི་རིམས་འགོག་བྱ་བའི་མཛུབ་སྟོན་དང་གསོ་སྦྱོང་བཟང་བོར་བསྒྲུབ་དགོས།

བཞི་ནི་འགན་སྒྲུབ་འགན་ཁུར་ཇེ་དྲག་ཏུ་བཏང་ནས།རིམས་འགོག་ཆེད་ལས་སྟོབས་ཤུགས་ཀྱི་ནུས་པ་མུ་མཐུད་དུ་འདོན་དགོས།རྒྱུན་རྣམ་གྱི་འགོག་སྡོམ་དུ་བསྒྱུར་རྗེས།འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཕྱི་ནས་ནང་ལ་མཆེད་པར་ནན་འགོག་བྱེད་པ་གཙོ་གནད་དུ་བཟུང་ནས།དོགས་ཟོན་དང་འཕྲལ་བསྟུན་གྱི་གྲ་སྒྲིག་བཟང་བོ་བྱ་དགོས།རིམ་པ་སོ་སོའི་རིམས་ཚད་ཚོད་འཛིན་ལས་ཁུངས་ཀྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་གནས་བབ་ལ་མུ་མཐུད་དུ་དོ་སྣང་བྱེད་པ་དང་།རིམས་ནད་ནང་དུ་མཆེད་པའི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པ།རིམས་ནད་གནས་བབ་དྲ་བ་ལས་ཐད་ཞུ་བྱེད་པ་ཚད་ལྡན་དུ་གཏོང་བ།ཚོད་ལྟ་ཁང་གི་ཉིང་སྐྱུར་ཚད་འཇལ་སྤེལ་བ་བཅས་བྱས་ཏེ།གྲལ་བཤེར་དང་ནད་ངོས་འཛིན་པར་ལག་རྩལ་གྱི་རྒྱབ་སྐྱོར་བྱ་དགོས།ཞིང་ཆེན་རིམ་པའི་སློབ་གསོའི་སྡེ་ཁག་གིས་སྣེ་ཁྲིད་སྤྱི་འཛིན་དང་ཕྱོགས་བསྡུས་མཐུན་སྦྱོར་བྱས་ཏེ།མཐོ་རིམ་སློབ་གྲྭ་སོ་སོའི་ཚོགས་འགོ་བརྩམ་པའི་གྲ་སྒྲིག་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ནས།ཚོགས་འགོ་བརྩམ་པའི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱ་དགོས།དངོས་གཞིའི་སློབ་གྲྭ་སོ་སོ་དང་མཐོ་རིམ་ལས་རིགས་སློབ་གྲྭས་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ཏེ།ཁ་གཏད་རང་བཞིན་ལྡན་པའི་འགོག་སྡོམ་བྱེད་ཐབས་སྤྱད་ནས།སློབ་ར་དང་དགེ་སློབ་ཀྱི་ལྟ་སྲུང་ལ་སྔར་ལས་ཤུགས་སྣོན་དགོས།རྒྱ་ཆེའི་སློབ་མས་རང་ཉིད་ལ་དོ་དམ་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་།རང་རྟོགས་ཀྱིས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།ཕྱིའི་བྱ་འགུལ་ཇེ་ཉུང་དུ་གཏོང་བ།སློབ་གྲྭའི་གཏན་ཁེལ་བརྩི་སྲུང་བྱེད་པ།སློབ་གྲྭའི་དོ་དམ་ལ་གཞོགས་འདེགས་བྱེད་པ་བཅས་བྱ་དགོས།མཐོ་རིམ་སློབ་གྲྭ་སོ་སོའི་གཙོ་འགན་སྡེ་ཁག་དང་ས་ཁོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་སློབ་གསོའི་སྡེ་ཁག་དང་མཉམ་འབྲེལ་གྱིས་ཆེད་དོན་ལྟ་སྐུལ་སློབ་སྟོན་དང་།ཕྱོགས་བསྡུས་དཔྱད་དཔོགལྟ་བཤེར་ནན་མོ་བཅས་བྱས་ཏེ།སློབ་གྲྭའི་རྒྱུན་ལྡན་གྱི་རིམས་ནད་འགོག་སྡོམ་དང་སློབ་གསོ་སློབ་ཁྲིད་ཀྱི་དགོས་མཁོར་འགན་སྲུང་བྱས་ནས།གོ་རིམ་ལྡན་པར་ཚོགས་འགོ་བརྩམ་པ་དང་བདེ་འཇགས་ངང་སློབ་ཁྲིད་བྱེད་པར་ཁག་ཐེག་བྱ་དགོས།

ཞིང་ཆེན་ཡོངས་སུ་སྤྱིར་བཏང་གི་འགོག་སྡོམ་ཁུལ་གྱི་གྲས་ནས་བླངས་པའི་རྫོང་དང་གྲོང་ཁྱེར།ཆུས13གྱི་མིང་ཐོ་གཤམ་ལྟར།

ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཆུས་དང་མཁར་ཤར་ཆུས།མཁར་དཀྱིལ་ཆུས།མཁར་ནུབ་ཆུས།ཧོང་ཀྲུང་ཆུས།

མཚོ་ཤར་གྲོང་ཁྱེར་གྱི་མེན་ཧི་རྫོང་དང་དཔའ་ལུང་རྫོང་།ཞོན་ཧྭ་རྫོང་།

མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར།

མཚོ་བྱང་ཁུལ་གྱི་མིན་ཡོན་རྫོང་།

ཡུལ་ཤུལ་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར།

མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས།

2020ལོའི་ཟླ3པའི་ཚེས21ཉིན།


ཕྱུག་ལོས་བསྒྱུར།