ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཚོགས་ར་གཙོ་བོ་དང་ལས་ཁུངས་གཙོ་བོ། མི་ཚོགས་གཙོ་བོའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། མིག་སྔའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་དང་ཟུང་འབྲེལ་བྱེད་པ་དང་། ས་ཁུལ་དང་རིམ་པ་དགར་ནས་འགོག་བཅོས་ཚོད་འཛིན་བྱེད་པའི་རེ་བ་དངོས་འབེབ་བྱས་ཐོག ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས།
བརྡ་ཐོ་ལས་ས་ཁུལ་སོ་སོས་ས་ཁུལ་དང་རིམ་པ་དགར་བའི་བར་ཁྱད་ཅན་གྱི་གཞུང་སྒྲུབ་བྱེད་ས་དང་སྤྱི་བའི་ཚོགས་རའི་འགོག་བཅོས་ཚོད་འཛིན་བྱེད་ཐབས་ལག་བསྟར་ཡང་དག་བྱེད་དགོས་པའི་རེ་བ་བཏོན། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་རིམ་བཞིན་སྒོ་འབྱེད་འོས་འཚམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་བ་དང་འཚོ་བར་ངེས་པར་དུ་མཁོ་བའི་ཚོགས་ར་དང་སྒོ་འབྱེད་རང་བཞིན་གྱི་བྱ་འགུལ་སྤེལ་ས་སོགས་གོ་རིམ་ལྡན་པར་སྒོ་འབྱེད་བྱེད་པ་དང་། རོལ་རྩེད་དང་སྤྲོ་གསེང་སོགས་འདུ་འཛོམས་ཆེ་བའི་ཚོགས་ར་སྒོ་འབྱེད་བྱེད་པར་སེམས་ཆུང་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་བདེ་འཇགས་དང་གཏན་འཇགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་བ་དང་འཚོ་བར་ངེས་པར་དུ་མཁོ་བའི་ཚོགས་ར་དང་སྒོ་འབྱེད་རང་བཞིན་གྱི་བྱ་འགུལ་སྤེལ་ས་སོགས་ལ་རིགས་དགར་ནས་བཀག་འགོག་བྱེད་ཐབས་འོས་འཚམ་སྤྱོད་དགོས། རོལ་རྩེད་དང་སྤྲོ་གསེང་སོགས་འདུ་འཛོམས་ཆེ་བའི་ཚོགས་རའི་ལས་གཉེར་གཏན་འགོག་བྱེད་རྒྱུའི་གྲོས་གཞི་བཏོན།
བརྡ་ཐོ་ལས་ས་ཁུལ་སོ་སོས་དམིགས་བསལ་ལས་ཁུངས་ཀྱི་འགོག་བཅོས་ཚོད་འཛིན་དང་མི་སྣའི་འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་རྒན་གསོའི་ལས་ཁུངས་དང་བྱིས་པའི་ཕན་བདེ་གླིང་། བཙོན་ཁང་། བསམ་པའི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་སོགས་དམིགས་བསལ་ལས་ཁུངས་ཀྱི་ཉེན་ཁའི་དོགས་ཟོན་ལ་ཤུགས་སྣོན་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དུ་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། འགོག་བཅོས་ཚོད་འཛིན་བྱེད་ཐབས་ཀྱི་ལྟ་རྟོག་དོ་དམ་ལག་བསྟར་ནན་མོ་བྱས་ཏེ། འཕྲལ་སྒྲུབ་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་དགོས།
བརྡ་ཐོ་ལས་ས་ཁུལ་སོ་སོས་ཚོགས་ར་གཙོ་བོ་དང་མི་ཚོགས་གཙོ་བོའི་འགོག་སྲུང་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན། ཕྱི་ནས་ཕྱི་ཡོང་འགོག་པ་དང་ནང་ནས་ཡང་བསྐྱར་འབྱུང་བར་འགོག་པའི་འགོག་སྲུང་ལམ་ཐིག་ཆགས་པར་བྱས་ཤིང་། མཁའ་འགྲུལ་སྐྱེལ་འདྲེན་དང་གྲུ་ཁའི་རིམས་ནད་ཞིབ་བཤེར་སོགས་ལས་རིམ་སོ་སོར་ནན་ཏན་བྱེད་པ་དང་། བཀག་སྡོམ་གྱི་དོ་དམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། གཅིག་བསྡུས་ཀྱིས་སྐྱེལ་ལེན་བྱེད་པ་དང་ཞིབ་བཤེར་བྱེད་པ། ཁ་ཁར་དགར་བ་སོགས་ལས་རིམ་ཧྲིལ་བོར་ནོར་འཆུག་སྤུ་ཙམ་ཡང་མེད་པ་མངོན་འགྱུར་བྱེད་དགོས། གཙོ་བོ་རྒན་པ་དང་བྱིས་པ། སྦྲུམ་མ། སློབ་མ། སྨན་བཅོས་མི་སྣ་སོགས་མི་ཚོགས་གཙོ་བོའི་མི་སྒེར་གྱི་འགོག་སྲུང་ལ་མཛུབ་སྟོན་བྱས་ཏེ། འདུ་འཛོམས་རང་བཞིན་གྱི་རིམས་ནད་འབྱུང་བར་གཏན་འགོག་བྱེད་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།