ལྔ་གཅིག་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། གཅིག་བསྡུས་རང་བཞིན་གྱི་རིམས་ནད་འགོ་བ་གཏན་འགོག་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་རེ་བ་གཞིར་བཟུང་སྟེ་ད་ལྟ་འབྲེལ་ཡོད་དོན་བྱའི་བརྡ་ཁྱབ་སྤེལ་བ་གཤམ་གསལ་ལྟར།
གཅིག རྒྱུན་རྣམ་ཅན་གྱི་འགོག་སྲུང་འགན་འཁྲི་དམ་འཛིན་བྱེད་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་ཆེན་སྐབས་སུ་ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་དང་ནང་ནས་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་འགོག་སྲུང་འགན་འཁྲི་དང་ལེན་གང་ལེགས་བྱེད་དགོས་ལ། གཞིས་ཁུལ་གགྱི་དོ་དམ་ཚོད་འཛིན་བྱེད་ཐབས་ལེགས་སྒྱུར་བྱེད་པ་དང་། ཕྱི་ནས་ནང་ལ་མཆེད་པའི་རིམས་ནད་འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ནད་རྟགས་མེད་པར་རིམས་ནད་བྱུང་མཁན་ཚོད་འཛིན་དང་གཏན་འགོག་བཟང་བོ་བྱེད་པ་དང་། རིམས་ནད་འགོག་སྲུང་དྲ་རྒྱ་ཇེ་བརྟན་དུ་གཏོང་དགོས་ལ། རིམས་ནད་ཡང་བསྐྱར་འཕར་སྲིད་པའི་ཉེན་ཁ་འགོག་སྲུང་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྲུང་བྱ་བ་ནམ་ཡང་ལྷོད་གཡེང་དུ་མི་གཏོང་རུང་རིམས་ནད་ཡང་བསྐྱར་མི་འཕར་བ་འགན་སྲུང་བྱེད་དགོས།
གཉིས། གཅིག་བསྡུས་རང་བཞིན་གྱི་རིམས་ནད་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་དགོས། ཤུགས་ཆེན་པོས་རགས་བསྡུས་དཔལ་ཡོན་དང་བདེ་ཐང་འཕྲོད་བསྟེན་གྱི་གུང་སེང་རྣམ་པ་དར་སྤེལ་བྱས་ཏེ། ལྔ་གཅིག་དུས་ཆེན་སྐབས་སུ་ཞིང་ཆེན་གཞན་པར་གནས་སྐོར་དུ་མི་འགྲོ་བ་དང་འདུ་ཚོགས་རང་བཞིན་དང་ཡང་ན་མི་ཚོགས་ཀྱིས་ཟས་བཅུད་རོལ་བ་སོགས་ཀྱི་བྱ་འགུལ་ལ་ཉུང་ཞུགས་བྱས་ན་བཟང་། ཁ་དབུགས་མི་རྒྱུ་བའི་བར་སྟོང་དུ་རོལ་རྩེད་བྱ་འགུལ་སྤེལ་མི་རུང་། འཕྲོད་བསྟེན་གྱི་གོམས་སྲོལ་ལེགས་པོ་སྲུང་འཛིན་བྱེད་པ་དང་དུས་ངེས་མེད་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་དམ་འཛིན་བྱེད་དགོས། སྔར་གསོ་སྒོ་འབྱེད་བྱས་པའི་ལྗོངས་རྒྱུ་ས་ཁུལ་སོ་སོས་རིམས་འགོག་བྱ་བའི་ཇུས་གཞི་དང་འཕྲལ་སྒྲུབ་ཐག་གཅོད་ཇུས་གཞི་གཏན་འཁེལ་བྱས་ཏེ། གནས་སྐོར་མང་དྲག་པ་ཚོད་འཛིན་བྱེད་པ་དང་ཚན་རིག་དང་མཐུན་པར་གནས་སྐོར་བ་གོ་རིམ་ལྡན་པར་འགྲོ་བར་ཁྲིད་སྟོན་བྱས་ནས། མི་སྣ་འདུ་འཛོམས་བྱེད་པ་གཏན་འགོག་བྱེད་དགོས། ཁ་དབུགས་མི་རྒྱུ་བའི་བར་སྟོང་དང་མི་སྣ་གཅིག་བསྡུས་བྱེད་པའི་ཚོགས་རར་སྔོན་ལ་ཁ་ཆད་བསྒོ་བ་དང་རིམ་པ་བཀར་བ་སོགས་མི་ཚོགས་འདུ་བ་ཚོད་འཛིན་པའི་བྱེད་ཐབས་སྤྱད་དེ་གཅིག་བསྡུས་རང་བཞིན་གྱི་རིམས་ནད་འགོ་བ་གཏན་འགོག་བྱེད་དགོས།
གསུམ། བདེ་ཐང་བཤེར་རིས་ལ་བརྟེན་ནས་ནང་དུ་འགྲོ་ཆོག་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། ཞིང་ཆེན་ནང་ཁུལ་དུ་བདེ་ཐང་བཤེར་རིས་ལག་བསྟར་བྱས་པའི་སྡོད་དམངས་དང་རིགས་སོ་སོའི་ཞབས་ཕྱིའི་མི་སྣ་སོང་ཆོག་པ་དང་ཡང་བསྐྱར་ཞིབ་བཤེར་ཚད་ལེན་བྱེད་མི་དགོས། ཞིང་ཆེན་ནང་ཁུལ་གྱི་བདེ་ཐང་བཤེར་རིས་ལག་བསྟར་མ་བྱས་པའི་མི་སྣ་ཡོངས་སྐུལ་སློང་བྱས་ཏེ་བདེ་ཐང་བཤེར་རིས་ལག་ལེན་བྱེད་དུ་འཇུག་དགོས། ས་ཆ་གཙོ་བོ་ནས་མཚོ་སྔོན་ལ་ཡོང་བའི་མི་སྣས་དུས་ཐོག་ཏུ་འབྲེལ་འདྲིས་བྱས་ཏེ་དོ་དམ་ཁྱབ་ཁོངས་སུ་འཇོག་དགོས་ལ། ངོས་འཛིན་བྱས་པའི་ནད་པ་སངས་དྲག་བྱུང་བའི་མི་སྣ་དང་དོགས་ཡོད་ནད་པ་ལས་སྒྲོལ་བའི་མི་སྣ། འབྲེལ་འདྲིས་དམ་པོ་བྱེད་པའི་མི་སྣའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། ས་ཆ་གཙོ་བོ་ནས་མཚོ་སྔོན་ལ་ཡོང་བའི་མི་སྣ་དང་དེ་མིན་གྲུ་ཁ་སོ་སོ་ནས་མཚོ་སྔོན་ལ་ཡོང་རྩིས་ཡོད་པའི་མི་སྣ་བཅས་རིགས་ལྔའི་མི་སྣའི་རྨང་གཞིའི་ཆ་འཕྲིན་ལ་ཞིབ་བཤེར་བསྡུ་ལེན་བྱས་ཏེ། གནམ་གྲུ་ཐང་དང་རླངས་འཁོར་དང་མེ་འཁོར་ས་ཚིགས་སོགས་ཀྱི་འགག་སྒོ་ནས་ཞིབ་བཤེར་ཚད་ལེན་དང་སྙན་ཞུ། ལོགས་བཀར་བཅས་ཀྱི་དོ་དམ་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཕྱི་རྒྱལ་དང་ས་ཆ་གཙོ་བོ་ནས་རང་ཞིང་དུ་ཡོང་བའི་མི་སྣ་ཚང་མར་བདེ་ཐང་བཤེར་རིས་ལག་བསྟར་བྱེད་དུ་འཇུག་པ་དང་ཞིབ་བཤེར་ཚད་ལེན་བྱེད་པ། དེ་མིན་ཉིན་བཅུ་བཞི་ལ་ལོགས་བཀར་བྱེད་པའི་བྱེད་ཐབས་དངོས་འབེབས་བྱེད་དགོས།
བཞི། ཚོགས་ར་གཙོ་བོའི་རིམས་འགོག་བྱ་བར་ཤུགས་སྣོན་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དུས་ཆེན་སྐབས་སུ་རིམས་འགོག་འཕྲལ་སྒྲུབ་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གཏན་འཁེལ་གསལ་བོ་བྱས་ཏེ། འཕྲལ་སྒྲུབ་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་ལག་བསྟར་བྱེད་ཆོག་པ་འགན་སྲུང་བྱེད་དགོས་ལ། དུས་ཐོག་ཏུ་གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། མགྲོན་ཁང་དང་ཟ་ཁང་ལས་རིགས་སོ་སོ་དང་སྤྱི་ཐུན་ཚོགས་རས་དོ་དམ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་དགོས་ལ། མི་སྣར་ཞིབ་བཤེར་ཚད་ལེན་དང་མོང་འགོད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། གནས་སྐབས་ཀྱི་ལོགས་བཀར་བྱེད་ས་བཀོད་སྒྲིག་བྱེད་པ་དང་སྨན་བཅོས་ལས་ཁུངས་བར་གྱི་མཉམ་འབྲེལ་རོགས་ལས་ལ་ཤུགས་སྣོན་དགོས།
ལྔ། ཤུགས་ཆེན་པོས་འཛད་སྤྱོད་དང་ཚོང་ར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོས་ཁུལ་དང་རིམ་པ་བཀར་ཏེ་གནད་འཁེལ་ལས་ཐོན་སླར་གསོའི་རེ་བ་ལྟར། ཧུར་ཐག་དང་གོ་རིམ་ཡོད་པའི་སྒོ་ནས་རིགས་སོ་སོའི་འཛད་སྤྱོད་ལས་རྣམ་སླར་གསོ་དང་རྒྱུན་ལྡན་སྒོས་ཚོང་གཉེར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་རིན་གོང་དང་སྐྱེད་ཀའི་ཚད་ཇེ་དམའ་རུ་གཏོང་བ་དང་ཐོན་རྫས་གསར་བ་འགྲེམ་སྟོན། པ་སེ་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱ་འགུལ་སྤེལ་བར་སྐུལ་མ་གཏོང་དགོས་པར་མ་ཟད་འཛད་སྤྱོད་དགོས་མཁོ་སྐོང་བར་སྣེ་ཁྲིད་བྱེད་དགོས། ལས་རིགས་དང་ཚོང་རའི་ཁྱད་ཆོས་གཞིར་བཟུང་སྟེ་ཁེ་ལས་དང་ཚོང་བས་བདེ་ཐང་བཤེར་རིས་ལག་བསྟར་བྱེད་པ་དང་སྔོན་ལ་ཁ་ཆད་བསྒོ་བའི་ཞབས་ཕྱི་སོགས་ཀྱི་བྱེད་ཐབས་སྤྱོད་པར་མཛུབ་སྟོན་བྱེད་པ་དང་། ཚོང་རའི་སྒྲིག་ལམ་དང་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་དགོས་པར་མ་ཟད་འཛད་སྤྱོད་དང་ཚོང་ར་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།
དྲུག དུས་ཆེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་སྤེལ་བ། དུས་ཐོག་ཏུ་བདེ་འཇགས་ཐོན་སྐྱེད་ལ་གནོད་བྱེད་པའི་འབུར་ཐོན་གནད་དོན་དང་ཉེན་ཁ་ཐག་གཅོད་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་མེ་འགོག་ཆུ་སྐྱོན། ཉེན་ཁ་ཆེ་བའི་ལས་རིགས། ཁེ་ལས་གཙོ་བོའི་བདེ་འཇགས་བྱ་བར་དམ་འཛིན་བྱེད་པ་མ་ཟད། འགན་འཁྲི་དང་སྡེ་ཁག་དང་མི་སྒེར་སྟེང་ལག་བསྟར་བྱེད་པ། དོན་རྐྱེན་ཆེན་པོ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཚད་མཐའ་བརྟན་སྲུང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས།
2020ལོའི་ཟླ་བཞི་བའི་་ཚེས་ཉེར་བརྒྱད་ཉིན།