ཟླ་དང་པོའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་རང་སྐྱོང་རྫོང་དུ་སོང་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱེད་པར་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། མཚོ་སྔོན་གྱི་ཤར་སྒོ་ཆེན་མོ་བརྟན་སྲུང་བྱས་ཏེ། ཚད་གཞི་དང་མཐུན་པའི་སྒོ་ནས་རིམས་ནད་མཆེད་ པར་བཀག་འགོག་བྱེད་དགོས་ཟེར།
ཁོང་ཡུང་སྔ་གཞུག་ཏུ་པེ་ཅིན་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མིན་ཧི་རྫོང་མཱ་ཁྲང་ཡོན་ཕྱིར་འབུད་ས་དང་མིན་ཧི་རྫོང་ཚུའེ་ཆོན་སྡེ་བ། ཁྲོན་ཡོན་གཞིས་ཁུལ། རྫོང་མི་དམངས་སྨན་ཁང་བཅས་སུ་སོང་ནས། དངུལ་བསྡུ་ས་ཚིགས་དང་གཞིས་ཁུལ། ཞིང་སྡེ། གཞི་རིམ་སྨན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱ་བར་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་མ་ཟད། ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ལས་བྱེད་པ་དང་མང་ཚོགས། སྤྱི་བདེ་ཉེན་རྟོག་པ། སྨན་བཅོས་མི་སྣ་བཅས་ལ་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔར། ལོ་སར་སྐབས་སུ་ཕ་ཡུལ་དུ་ལོག་ནས་ཕྱིར་འགྲོ་བའི་མི་སྣ་དང་དཔྱིད་དུས་སུ་ཆམ་ནད་ཕོག་པའི་མི་ཚོགས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་སྔར་ལས་ཛ་དྲག་ཡིན་པས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཁོངས་གཏོགས་ས་ཆའི་དོ་དམ་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བའི་སྟོབས་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ། དངོས་ཟོག་ཉར་གསོག་དང་བཀོད་གཏོང་ཇེ་དྲག་ཏུ་གཏོང་བ། ཚོང་རའི་མཁོ་འདོན་འགན་སྲུང་དང་དངོས་གོང་གཏན་འཇགས་སུ་གཏོང་བར་ཤུགས་བསྣན་ནས། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།
རྩོམ་སྒྲིག་པ། འབྲུག་མོ།