གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་བསྒྱུར།
རང་ཞིང་ལ་ཁྱིམ་ཚང་རང་བཞིན་ཅན་དང་གཅིག་འདུས་རང་བཞིན་ཅན་གྱི་ནད་ཁྱབ་རྣམ་པ་ཐོན་འདུག འདི་འདྲའི་གནས་སྟངས་འོག་མི་རེ་རེས་འདི་ལྟར་བྱ་དགོས།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ནས་རྒྱུས་ལོན་པ་ལྟར་ན། ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད24ཡར་སྔོན་ལ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པའི་ཏོག་དབྱིབས་གློ་ཚད་བྱུང་བའི་ནད་པ15ལ་བུད་ཡོད་པ་རེད།
ཟླ2པའི་ཚེས3ཉིན་འཚོགས་པའི་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་མཱ་ཡུང་ཁྲེང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ཆར་མཚོ་སྔོན་ཞིང་ཆེན་གྱི་གཏན་འཁེལ་ནད་དཔེའི་ཁྲོད། ཝུའུ་ཧན་ནས་ཕྱིར་ལོག་མི་སྣའི་ཁྱིམ་ཚང་རྣམ་པའི་འགོ་ནད་དང་གཅིག་འདུས་རྣམ་པའི་འགོ་ནད་ཀྱི་ཁྱད་ཆོས་མངོན་ཡོད་ཟེར།
གོང་གསལ་གྱི་གནས་ཚུལ་ལ་དམིགས་ནས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས། ཟླ2པའི་ཚེས3ཉིན་གུང་གསེང་མཇུག་སྒྲིལ་ནས་སྲིད་འཛིན་སྡེ་ཁག་དང་། ཁེ་ལས་སྡེ་ཁག ལས་དོན་སྡེ་ཁག སློབ་གྲྭ་སོགས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བརྩམ་རྒྱུ་ཡིན་པས། ཚང་མ་མི་མང་འདུ་འཛོམས་བྱེད་སར་མི་འགྲོ་བ་དང་། དོན་དག་གལ་ཆེན་མེད་ཚེ་ཕྱིར་མི་སྐྱོད་པ་བཅས་བྱས་ནས། ནད་འགོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།
གཞན་ཡང་། ཁྱིམ་སྡོད་བཀར་འཇུག་མཁན་གྱིས་གཤམ་གྱི་དོན་ཚན་དག་ལ་མཉམ་འཇོག་བྱ་དགོས། 1.རབ་ཡིན་ན་རང་གཅིག་པུ་བསྡད་ན་བཟང་། སྒོ་དང་དྲ་མ་ཕྱེས་ནས་ཁང་བའི་ནང་དུ་རླུང་རྒྱུ་བར་བྱེད་པ། གང་ཐུབ་ཅི་ཐུབ་ཀྱིས་མི་གཞན་དང་འབྲེལ་འདྲིས་མི་བྱེད་པ། 2. ཁང་པའི་ནང་རླུང་རྒྱུ་བ་རྒྱུན་འཁྱོངས་བྱེད་དགོས། ཉིན་ལྟར་མ་མཐར་ཡང་ཐེངས་གཉིས་ལ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱས་ན་བཟང་། ཐེངས་རེར་རླུང་རྒྱུ་བའི་དུས་ཚོད་ཉུང་མཐར་ཡང་སྐར་མ30ཡིན་དགོས། 3. ཁྱིམ་ཆས་ལ་ཉིན་རེར་དུག་སེལ་དང་གཙང་བཀྲུ་བྱེད་དགོས། ཁྲུས་ཁང་དང་སྤྱོད་ཁང་ལ་ཉིན་རེར་ཉུང་མཐར་ཡང་དུག་སེལ་ཐེངས་རེ་བྱེད་དགོས། 4. ཆེད་སྤྱོད་གད་སྙིགས་སྣོད་འཇོག་དགོས། དོར་ཟིན་པའི་ཤོག་བུ་དང་ཁ་ཐུམ་ཆེད་སྤྱོད་གད་སྙིགས་བླུགས་སྣོད་ནང་བླུགས་དགོས་པ་མ་ཟད། གད་སྙིགས་འཕེན་སྐབས་དུག་སེལ་གཤེར་ཁུ་སྤྱད་དེ་གད་སྙིགས་བརླན་རྗེས་གད་སྙིགས་བླུགས་སྣོད་ནང་བླུགས་དགོས། 5. མི་སྒེར་གྱི་འཚོ་བའི་མཁོ་ཆས་རང་ཉིད་གཅིག་པུས་སྤྱོད་པ་ལས་ནང་མི་གཞན་དག་དང་མཉམ་བསྲེས་བྱེད་མི་རུང་། 6.སྣོད་ཆས་བེད་སྤྱད་རྗེས་འདག་རྫས་དང་ཆུ་གཙང་མས་གཙང་འཁྲུད་བྱ་དགོས།