ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡི་ཁོངས་སུ་གཏོགས་པའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་བདུན་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། ཧྥ་རན་སིའི་རྒྱལ་ཡོངས་སུ་བསྡོམས་པས་སྙན་ཞུ་བྱས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དགུ་བརྒྱ་དང་ཞེ་དགུ་ཡོད་པ་དང་། དེའི་ནང་ནད་པ་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར།
སཱ་ལོ་མིན་གྱིས་བཤད་རྒྱུར། ཧྥ་རན་སི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་དགུ་བརྒྱ་དང་ཞེ་དགུ་ཡོད་པ་དང་། སྔ་ཉིན་ལས་ནད་པ་སུམ་བརྒྱ་དང་སོ་དྲུག་ཇེ་མང་དུ་སོང་ཡོད་ཟེར། མིག་སྔར་ནད་པ་ལྗིད་མོ་ཞེ་བཞི་མྱུར་སྐྱོབ་བྱེད་བཞིན་ཡོད་ལ་གནས་ཚུལ་ཚབས་ཆེན་རེད། ཧྥ་རན་སི་ཡིས་ནད་པ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་སྙན་ཞུ་བྱས་ཡོད། དེའི་ནང་སྐྱེས་པ་བཅུ་གཅིག་དང་བུད་མེད་ལྔ་འདུས།
ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཚེས་བདུན་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཚོགས་ཀྱི་བུད་མེད་གྲོས་མི་ཞིག་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པ་གཏན་འཁེལ་བྱས་ཡོད་པ་དང་། མིག་སྔར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། དེ་ནི་རྒྱལ་དམངས་གྲོས་ཁང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་གསུམ་པ་རེད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།