ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་དགུ་དང་སྟོང་བདུན་དགུ་བརྒྱ་གོ་དྲུག་ཏུ་བསླེབ་ཡོད།
2020.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་དགུ་དང་སྟོང་བདུན་དགུ་བརྒྱ་གོ་དྲུག་ཏུ་བསླེབ་ཡོད་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་གྱ་བདུན་ཡིན་པ་དང་། བསྡོམས་པས་ཁྲི་དགུ་དང་སྟོང་བདུན་དགུ་བརྒྱ་གོ་དྲུག་ཏུ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བཞི་བརྒྱ་དང་རེ་གཉིས་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་བཞི་དང་བརྒྱ་གོ་ལྔར་བསླེབ་ཡོད་ཟེར། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ཉེར་དྲུག་འཕར་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་བརྒྱ་བཅུ་གཉིས་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་བཞི་བརྒྱ་དང་དོན་ལྔ་འཕར་ནས། བསྡོམས་པས་སྟོང་བདུན་དང་བཞི་བརྒྱ་ཉེར་དྲུག་ཏུ་བསླེབ་ཡོད་ཟེར།

འདས་པའི་དུས་ཚོད་ཉེར་བཞིའི་ནང་། པེ་ཉིན་དང་ལེ་པུ་ལི་ཡཱ། ཐན་ཙན་ནི་ཡཱ། པཱ་ཧཱ་མཱ། སོ་མཱ་ལི་སོགས་རྒྱལ་ཁབ་དང་ས་ཁུལ་བརྒྱད་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།