ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་བཅུ་གཉིས་སུ་བསླེབས།
2020.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉི་ཤུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་བཅུ་གཉིས་སུ་བསླེབ་པ་དང་། ནད་པ་བཞི་བརྒྱ་དང་ལྔ་བཅུ་རྐྱེན་ལམ་ཤོར་ཡོད་ཟེར། 

སཱ་ལོ་མིན་གྱིས་བཤད་རྒྱུར། སྔ་ཉིན་དང་བསྡུར་ན་ཧྥ་རན་སི་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་བཅུ་བདུན་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་དོན་བརྒྱད་ཇེ་མང་དུ་སོང་ཡོད་ལ། ནད་པ་སྟོང་གཅིག་དང་ལྔ་བརྒྱ་གྱ་བདུན་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར། 

སཱ་ལོ་མིན་གྱིས་བཤད་རྒྱུར། ཧྥ་རན་སི་ཡིས་ཏོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་མི་ཐེངས་ཁྲི་ལྔ་ལས་བརྒལ་བ་ཡོངས་འགྲུབ་བྱས་པ་དང་། མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་ལྔ་དང་ཉིས་བརྒྱ་ཉེར་དྲུག་གིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་སྟོང་གཅིག་དང་ཉིས་བརྒྱ་གོ་བདུན་གྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཧྥ་རན་སིའི་སྐྱེ་ཁམས་འཕེལ་སྟངས་བསྒྱུར་བ་དང་མཐུན་སྒྲིལ་པུའུ་ཀྲང་པའོ་ཨར་ནེ་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཁེ་ལས་ཀྱིས་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་རོགས་རམ་བྱེད་ཆེད། སྲིད་གཞུང་གིས་བྱེད་ཐབས་བཏོན་ཏེ། རེ་བ་དང་འཚམ་ཞིང་རེ་ཞུ་བཏོན་པའི་ཁེ་ལས་ཆུང་བར་ཆུ་དང་གློག རང་བྱུང་སོལ་རླངས་བཅས་ཀྱི་གྲོན་དངུལ་གནས་སྐབས་སུ་བསྡུ་མཚམས་འཇོག་རྒྱུ་གཏན་འཁེལ་བྱས་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།