སི་ཕན་དང་དབྱི་ལིང་། འཇར་མན་བཅས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་ཚེས་ཉེར་གཅིག་ཉིན་ཆ་སྙོམས་ཁྲི་གཉིས་ལས་བརྒལ་ཏེ། སོ་སོར་ཁྲི་གཉིས་དང་སྟོང་བཞི་དགུ་བརྒྱ་ཉེར་དྲུག་དང་། ཁྲི་གཉིས་དང་དྲུག་བརྒྱ་བཅུ། ཁྲི་གཉིས་དང་ང་ལྔ་བཅས་ལ་བསླེབ་ཡོད།
སི་ཕན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་དུས་ཚོད་ཉེར་བཞིའི་ནང་སྟོང་བཞི་དང་དགུ་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་སྟེ། རིམ་རྩིས་ཀྱིས་ཁྲི་གཉིས་དང་སྟོང་བཞི་དགུ་བརྒྱ་ཉེར་དྲུག་ཏུ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་ཉེར་བཞི་ཇེ་མང་དུ་སོང་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་སུམ་བརྒྱ་ཉེར་དྲུག་རྐྱེན་ལམ་དུ་ཤོར་ཡོད། ནད་པ་སྟོང་གཉིས་དང་བརྒྱ་ཉེར་ལྔ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ལ། མི་སྟོང་གཅིག་དང་དྲུག་བརྒྱ་བཅུ་གཉིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།
མིག་སྔར་སི་ཕན་གྱི་ས་ཁུལ་སོ་སོས་གཡུལ་སའི་སྨན་ཁང་འཛུགས་སྐྲུན་བྱེད་པར་བྲེལ་བཞིན་ཡོད། སི་ཕན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། མཱ་ཏི་ལི་གྲོང་ཁྱེར་སྲིད་གཞུང་གིས་མཱ་ཏི་ལིའི་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་སུ་ནད་ཁྲི་སྟོང་ལྔ་དང་ལྔ་བརྒྱ་ཤོང་བའི་གཡུལ་སའི་སྨན་ཁང་ཞིག་འཛུགས་སྐྲུན་བྱས་ཏེ། སྨན་བཅོས་ལས་ཁུངས་ཀྱི་གནོན་ཤུགས་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།
དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེའི་ཉིན་གུང་བར་དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དགུ་བརྒྱ་དང་རེ་དྲུག་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཉིས་དང་དྲུག་བརྒྱ་བཅུར་བསླེབ་ཡོད། དེའི་ནང་མི་སྟོང་གཅིག་དང་ལྔ་བརྒྱ་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་སྟོང་བདུན་དང་དྲུག་བརྒྱ་སོ་ལྔ་དྲག་སྐྱེད་བྱུང་ཡོད་ཟེར།
དབྱི་ལིང་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་ཅཱ་ཧན་ཕུའུ་ཨར་གྱིས་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེས་སྡོད་དམངས་བྱེ་བ་གསུམ་གྱི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། མི་སྔར་ལས་མང་བོས་མ་འོངས་པའི་ཉིན་འགའི་ནང་ཞིབ་བཤེར་དང་ལེན་བྱེད་དགོས་པའི་རེ་བ་བཏོན།
འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཀྲིག་སོ་སོའི་གཞི་གྲངས་གཞིར་བཟུང་སྟེ་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཉིས་དང་ལྔ་ལྔར་བསླེབ་ཡོད་པ་དང་། ནད་པ་རེ་བརྒྱད་རྐྱེན་ལམ་དུ་ཤོར། འཇར་མན་ནི་ཡོ་རོབ་གླིང་གི་དབྱི་ཐཱ་ལེ་དང་སི་ཕན་རྗེས་ཀྱི་རིམ་རྩིས་ནད་པའི་ཁ་གྲངས་ཁྲི་གཉིས་ལས་བརྒལ་བའི་རྒྱལ་ཁབ་གསུམ་པ་རེད།
འཇར་མན་རིམས་ནད་འགོག་བཅོས་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་དེའི་སྔོན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་བར། འཇར་མན་དུ་རིམ་རྩིས་ཀྱིས་ནད་པ་ཁྲི་གཅིག་དང་སྟོང་དྲུག་དྲུག་བརྒྱ་རེ་གཉིས་ཡོད་པ་དང་། སྔ་ཉིན་ལས་སྟོང་གཉིས་དང་བདུན་བརྒྱ་ཐིག་ལྔ་འཕར་ཡོད་ཟེར། ཞིབ་འཇུག་ཁང་དེས་བསྟན་དོན། ཀྲིག་སོ་སོས་ངོས་འཛིན་བྱས་པའི་ནད་པ་དང་ཡར་ཞུ་བྱས་པའི་བསྡོམས་རྩིས་གཞི་གྲངས་བར་ཁྱད་པར་ཡོད་པའི་དབང་གིས་ཞིབ་འཇུག་ཁང་དེས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གཞི་གྲངས་དང་ཀྲིག་སོ་སོས་དུས་ལྟར་སྤེལ་བའི་ཁ་གྲངས་ལ་ཁྱད་པར་བྱུང་བ་རེད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།