འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བཞི་དྲུག་བརྒྱ་ང་བདུན་ལ་བསླེབ་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེའི་རིམས་ནད་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་དགུའི་བར། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཁྲི་གསུམ་དང་སྟོང་གཅིག་བརྒྱད་བརྒྱ་གྱ་བཞི་ཡིན་པ་དང་། བསྡོམས་པས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བཞི་དྲུག་བརྒྱ་ང་བདུན་ལ་བསླེབ་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་སུམ་བརྒྱ་སོ་དྲུག་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་སྟོང་བདུན་དང་དགུ་བརྒྱ་ཉེར་གསུམ་དུ་བསླེབ་ཡོད་ཟེར།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གསུམ་དང་སྟོང་གཉིས་འཕར་ཡོད་ལ། བསྡོམས་པས་འབུམ་གཉིས་དང་ཁྲི་དྲུག་སྟོང་དྲུག་དོན་གསུམ་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་གཅིག་དང་སུམ་བརྒྱ་ཞེ་བཞིར་འཕར་ནས། བསྡོམས་པས་ཁྲི་གཅིག་དང་སྟོང་གཅིག་བརྒྱ་གྱ་བཞིར་བསླེབ་ཡོད་ཟེར།
འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་བསྟུད་མར་ཇེ་མང་དུ་སོང་བ་དང་བསྟུན་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡོ་རོབ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ། ཨ་ཧྥེ་རི་ཁ་གླིང་བཅས་ས་ཁུལ་གྱི་གཞུང་སྒྲུབ་ཁང་གི་འགན་ཁུར་བ་མང་བོས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བལྟས་ན། རྒྱལ་སྤྱིའི་མཉམ་ལས་དང་འཕྲོད་བསྟེན་ཐད་ཀྱི་དངུལ་གཏོང་། སྡོད་ཁུལ་གྱི་ཟབ་ཞུགས་བཅས་ལ་འགན་སྲུང་བྱེད་པ་ནི་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་གནད་འགག་ཡིན་པར་འདོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།