སི་ཕན་ནས་ཉིན་གཅིག་གི་རིང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གསུམ་དང་དྲུག་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་། 
2020.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

སི་ཕན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་གཉིས་ཉིན་རྒྱལ་ཁབ་ཀྱི་རིམས་ནད་གནས་ཚུལ་གསར་བ་ཁྱབ་སྒྲོག་བྱས། ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་བར། སི་ཕན་དུ་དུས་ཚོད་ཉེར་བཞིའི་རིང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གསུམ་དང་དྲུག་བརྒྱ་ཞེ་དྲུག་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་ལྔ་བརྒྱ་དོན་གཉིས་ལ་བསླེབ་ཡོད། གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་གོ་བཞི་ཇེ་མང་ལ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་བདུན་བརྒྱ་ཉི་ཤུ་རྐྱེན་ལམ་དུ་ཤོར་ཟེར། 

འཕྲོད་བསྟེན་པུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། སི་ཕན་དུ་ད་ལྟ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་ལྔ་བརྒྱ་ང་བཞི་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མི་སྟོང་གཅིག་དང་བདུན་བརྒྱ་གྱ་ལྔ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་ནད་པ་སྟོང་གཉིས་དང་ལྔ་བརྒྱ་དོན་ལྔ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་ཟེར། 

གཞན་ཡང་སི་ཕན་འཕྲོད་བསྟེན་པུའུ་ཡིས་ནད་པའི་ལོ་ཚད་བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཁབ་དེར་ལོ་དྲུག་ཅུའི་མན་གྱི་ནད་པའི་ཤི་ཚད་བརྒྱ་ཆའི་གཅིག་ཙམ་ལས་མེད་པ་དང་། ལོ་དྲུག་ཅུ་ནས་རེ་དགུའི་བར་གྱི་ནད་པའི་ཤི་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཅིག་དྲུག་ཡིན། ལོ་བདུན་བཅུ་ནས་དོན་དགུའི་བར་གྱི་ནད་པའི་ཤི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་བཞི་ཡིན། ལོ་བརྒྱད་ཅུའི་ཡན་གྱི་ནད་པའི་ཤི་ཚད་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་དགུ་གཅིག་ལ་བསླེབ་ཡོད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།