ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་ཡིས་ཚེས་བཞི་ཉིན་སྤེལ་བའི་འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བསྡོམས་རྩིས་ཁ་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ལས་བརྒལ་ཡོད་ཟེར།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཞི་ཉིན་གྱི་དུས་ཚོད་གཅིག་བར། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་གཅིག་ཉིས་བརྒྱ་གྱ་གསུམ་དུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་ལྔ་དང་སྟོང་བརྒྱད་དགུ་བརྒྱ་ཉེར་དགུར་བསླེབ་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཡིན་པ་དང་། རིམ་རྩིས་ཀྱིས་ནད་པ་འབུམ་གཉིས་དང་ཁྲི་བདུན་སྟོང་བདུན་དགུ་བརྒྱ་རེ་ལྔར་བསླེབ་ཡོད། དེའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་བདུན་དང་བརྒྱ་དང་ང་བདུན་དུ་བསླེབ་ཡོད། དབྱི་ཐཱ་ལེ་ནི་མིག་སྔར་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་གྱ་གཅིག་ཏུ་བསླེབ་ཡོད། རིམ་རྩིས་ཀྱིས་དབྱེ་ཐཱ་ལེའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་བརྒྱད་བརྒྱ་ཉེར་བདུན་ཡིན། སི་ཕན་གྱི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་གཅིག་སྟོང་དགུ་བརྒྱ་དང་གོ་དགུར་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་གཅིག་བརྒྱ་དང་གོ་བརྒྱད་ཡིན།
གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།