འཛམ་གླིང་ཡོངས་ཀྱི་ཉིན་གཅིག་ལ་འཕར་བའི་ནད་པའི་ཁ་གྲངས་ཐོག་དང་པོར་འབུམ་གཅིག་ལས་བརྒལ། 
2020.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་ལྔ་ཉིན་སྤེལ་བའི་འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཉིན་གཅིག་ལ་འཕར་བའི་ནད་པའི་ཁ་གྲངས་ཐོག་དང་པོར་འབུམ་གཅིག་ལས་བརྒལ་བ་དང་། རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་གཉིས་ལས་བརྒལ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་ཚེས་བཞི་ཉིན་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་འབུམ་གཅིག་དང་སྟོང་གཅིག་ལྔ་བརྒྱ་ཇེ་མང་དུ་སོང་བ་དང་། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་ཚེས་ལྔ་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་ཞེ་བཞིའི་བར། འཛམ་གླིང་ཡོངས་སུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་དང་འབུམ་གཉིས་སྟོང་གསུམ་དགུ་བརྒྱ་ཉེར་གསུམ་ལ་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་དྲུག་དང་སྟོང་བཞི་བདུན་བརྒྱ་གོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་འབུམ་གཉིས་དང་ཁྲི་བཞི་སྟོང་བདུན་ཉིས་བརྒྱ་དོན་གསུམ་དྲག་སྐྱེད་བྱུང་ཡོད། 

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་སྤྱི་བསྡོམས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།